[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སྐད་ཡིག་སློབ་ཁྲིད།
  • ཡིག་སྒྱུར་ལོ་རྒྱུས་སྐོར་གྱི་དྲི་བ་དྲི་ལན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    |    སྤེལ་དུས།   2019-09-29

    ༡.  དྲི་བ།  《སྒྲ་སྦྱོར་བམ་པོ་གཉིས་པ》དེ་བཙན་པོ་གང་གི་དུས་སུ་མཛད་པ་ཡིན།

    ལན།  བོད་ཡིག་གི་ཡིག་ཆ་མང་ཆེ་བར་བཙན་པོ་ཁྲི་རལ་པ་ཅན་གྱི་དུས་སུ་མཛད་པའི་བཀས་བཅད་ཡིན་ཚུལ་གསལ་ཡང་( 《སྒྲ་སྦྱོར་བམ་གཉིས》 )རང་གི་མགོ་བརྗོད་ནང་།  རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་འོན་ཅང་རྡོ་ན་བཞུགས་ཞེས་གསལ་པོར་འཁོད་ཡོད་པས།  ཁྲི་རལ་པ་ཅན་གྱི་ཡབ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བཀས་བཅད་མཛད་པ་ཡིན། 

    ༢.  དྲི་བ་།  《སྒྲ་སྦྱོར་བམ་པོ་གཉིས་པ》ལ་ལེའུ་ག་ཚོད་ཡོད་པ་དང་ལེའུ་སོ་སོའི་ནང་དོན་གཙོ་བོ་གང་ཡིན། 

    ལན།  《སྒྲ་སྦྱོར་བམ་གཉིས》ལ་ལེའུ་གཉིས་ཡོད།  ལེའུ་དང་པོ་ནི་ཡིག་བསྒྱུར་གྱི་རྩ་དོན་གསུམ་དང་།  བྱ་ཐབས་བཞི།  དོ་སྣང་བྱེད་དགོས་པ་བཞི་བཅས་ཀྱི་བཀས་བཅད་ཡིན་པ་དང་།  ལེའུ་གཉིས་པ་ནི།  སྐབས་དེར་བཀས་བཅད་མཛད་ཟིན་པའི་མིང་ཚིག་གི་དཀར་ཆག་ཡིན། 

    ༣.  དྲི་བ།  ཡིག་བསྒྱུར་གྱི་རྩ་དོན་ཆེན་པོ་གསུམ་གང་ཡིན།

    ལན།  (༡)སྒྲ་རིག་པའི་གཞུང་དང་མཐུན་དགོས་པ།  (༢)ཆོས་ཀྱི་གཞུང་དང་མཐུན་དགོས་པ། (༣)བོད་མི་རང་ཉིད་ཀྱིས་གོ་བདེ་བ་ཞིག་ཡིན་དགོས་པ།

    ༤.   དྲི་བ།  བཀས་བཅད་དང་པོ་དང་།  གཉིས་པ།  གསུམ་པ་བཅས་ཀྱི་སྐབས་སུ་མིང་དང་ཚིག་ལ་བསྒྱུར་བཅོས་གང་དང་གང་མཛད་པའི་བརྗེད་ཐོ་ཞིག་ཡོད་པ་དེའི་མིང་ལ་གང་ཟེར་བ་དང་།  མཛད་པ་པོ་སུ་ཡིན།

    ལན།  བརྗེད་ཐོ་དེ་ལ་ཡོངས་གྲགས་སུ《དག་ཡིག་ལི་ཤིའི་གུར་ཁང》ཟེར་ཞིང་།  མཛད་པ་པོ་ནི་ཞྭ་ལུ་ལོ་ཆེན་གྱི་སློབ་མ་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཡིན།  

    ༥.  དྲི་བ།  ཡིག་བསྒྱུར་སྐབས་དོ་སྣང་བྱེད་དགོས་པ་བཞི་ཡོད་པ་གང་དང་གང་ཡིན།

    ལན།  (༡)ཞེ་སའི་ཐ་སྙད་རྒྱས་བསྡུས་སྐབས་དང་འཚམས་པ།

          (༢)བཀས་བཅད་མཛད་ཟིན་པའི་རྩ་དོན་རྣམས་སྒྱུར་བ་པོ་ཚང་མས་རྩི་སྲུང་བྱ་དགོས་པ།

          (༣)མིང་གསར་པ་བཏགས་དགོས་བྱུང་ན།བསམ་འཆར་རྣམས་རྒྱལ་པོ་དང་།ལོ་ཙཱ་བ། མཁན་པོ་བཅས་ལ་སྙན་ཞུ་འབུལ་དགོས་པ།

      (༤)བཀས་བཅས་གནང་གྲུབ་རྗེས་གཞི་ནས་བསྒྱུར་ཆོག་པའི་བཀའ་ཕབ་པ་རྣམས་མ་གཏོགས་ལོ་ཙཱ་བ་རྣམས་ཀྱིས་གང་འདོད་དུ་བསྒྱུར་མི་ཆོག་པ།

    ༦.  དྲི་བ། བརྡ་སྤྲོད་རིག་པ་ཞེས་པ་གང་ལ་ངོས་འཛིན་དགོས།

    ལན། མིང་ལ་རྣམ་དབྱེ་དང་།ཚིག་ཕྲད་སྦྱོར་ཚུལ། མིང་དང་། མིང་བསྡེབས་ནས་བརྗོད་པ་གྲུབ་པ། བྱ་ཚིག་གི་དུས་སྟོན་སྟངས་སོགས་ཀྱི་ཆོས་ཉིད་གསལ་བཤད་བྱ་ཐབས་ཀྱི་རིག་པའི་གཞུང་ལུགས་ཤིག་ཡིན།

    ༧.  དྲི་བ། ཡི་གེ་འཇུག་པའི་གནས་བརྒྱད་ཞེས་པ་གང་དང་གང་ཡིན།

     ལན། (༡)སྒྲ།(༢)སྐད། (༣)མིང་། (༤)མཚན་མ། (༥)བརྡ། (༦)ཐ་སྙད། (༧)ཚིག (༨ )དོན་བཅས་ཡིན།

    ༨. དྲི་བ། མི་རིགས་ཁག་གི་སྐད་ཀྱི་ནང་ཡོངས་ཁྱབ་ཏུ་ཡོད་པའི་རྩ་བའི་ཐ་སྙད་ཟེར་བ་གང་ལ་ངོས་འཛིན།

    ལན།  མི་རིགས་ཁག་སོ་སོའི་སྐད་ཀྱི་ནང་དུས་ཡུན་རིང་པོར་གཏན་འཇགས་སུ་གནས་པ་དང་།  སྤྱི་ཚོགས་ཀྱི་ལམ་ལུགས་འགྱུར་ལྡོག་བྱུང་བ།  དབང་བསྒྱུར་གྲལ་རིམ་དང་།  དབང་བསྒྱུར་མྱོང་མཁན་གྲལ་རིམ་འཕོ་འགྱུར་བྱུང་བ་བཅས་གང་གི་སྐབས་སུའང་ཞབས་འདེགས་ཞུ་ཐུབ་པའི་ཐ་སྙད་ཁྱབ་ཆེ་བ་ཞིག་ཡིན། 

    ༩.  དྲི་བ།  མི་རིགས་ཁག་གི་སྐད་ཀྱི་ནང་ཡོངས་ཁྱབ་ཏུ་ཡོད་པའི་ཐུན་མོང་མ་ཡིན་པའི་ཐ་སྙད་ཟེར་བ་གང་ལ་ངོས་འཛིན།

    ལན།  བཟོ་ལས་དང་།  ཞིང་ལས  འགྲིམ་འགྲུལ།  གསོ་བ་རིག་པ།  སྐར་རྩིས།  ཆོས་ལུགས་སོགས་ཀྱི་ནང་དམིགས་བསལ་གྱིས་བེད་སྤྱོད་བྱེད་པའི་མིང་དང་ཚིག་དེ་ཚོ་ཡིན། 

    ༡༠. དྲི་བ།  བོད་རིགས་ས་ཁུལ་གྱི་སྤྱི་ལ་ཁྱབ་པའི་སྐད་ཟེར་བ་གང་ལ་ངོས་འཛིན།

    ལན།  དབུས་གཙང་མདོ་ཁམས་གསུམ་གྱི་སྐད་ནང་རྩ་བའི་ཐ་སྙད་གཅིག་གྱུར་ཡིན་པའི་གྲས་དེ་ཚོ་ཡིན།  

    ༡༡.  དྲི་བ།  བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གང་ཡིན། 

    ལན།    (༡)དབུས་གཙང་གི་སྐད།  (༢)མདོ་སྟོད་མདོ་སྨད་ཀྱི་སྐད།  (༣)ཁམས་ཡུལ་གྱི་སྐད་བཅས་སོ།

    ༡༢.  དྲི་བ།  བོད་ཀྱི་ཡུལ་སྐད་གསུམ་གྱི་ཁྱད་པར་ཕྱེ་སྟངས་གང་འདྲ་ཡིན། 

    ལན།   (༡)བརྡ་སྤྲོད་ཐབས།    (༢)ཐ་སྙད་བེད་སྤྱོད་བྱེད་སྟངས་མི་འདྲ་བ། 

    (༣)སྒྲ་གདངས་མི་འདྲ་བ་བཅས་ཡིན། 

    ༡༣.  དྲི་བ།   བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་ཁྱད་པར་འབྱེད་ཆོས་གཙོ་བོ་དེ་གང་ཡིན།

    ལན།  སྐད་ཆ་ཤོད་སྐབས་ཀྱི་སྒྲ་གདངས་མི་འདྲ་བ་དེ་ཡིན། 

    ༡༤.  དྲི་བ།   དབུས་གཙང་མདོ་ཁམས་གསུམ་གྱི་ཡུལ་སྐད་གཅིག་འགྱུར་བྱེད་རྒྱུར་གལ་ཆེ་བའི་རྨང་གཞིའི་ཡུལ་སྐད་གང་ཡིན།

    ལན།   དབུས་གཙང་ཡུལ་སྐད་ཀྱི་རྨང་གཞིའི་ཐོག  ལྷ་སའི་ཡུལ་སྐད་ཀྱི་ཚད་ལྡན་སྒྲ་གདངས་གཞིར་བཟུང་བ་དེ་ཡིན། 

    ༡༥.  དྲི་བ།  ལྷ་སའི་ཡུལ་སྐད་ཀྱི་སྒྲ་གདངས་ཚད་ལྡན་ཟེར་བ་གང་ལ་ངོས་འཛིན་དགོས།

    ལན།   ཡིག་ཐོག་གི་འབྲི་སྲོལ་དང་མཐུན་པའི་ལྷ་སའི་སྐད་ཀྱི་སྒྲ་གདངས་དེ་ཡིན་པ་མ་ཟད།  དེ་ལྷ་སའི་ཟུར་ཆག་གི་སྐད་ལས་ཁྱབ་ཆེ་ཞིང་གོ་བདེ་བ་ཡོད།

    ༡༦.  དྲི་བ།   ལྷ་སའི་ཟུར་ཆག་གི་སྐད་ཟེར་བ་གང་ལ་ངོས་འཛིན་དགོས།

    ལན།   ཡིག་ཐོག་གི་འབྲི་སྲོལ་དང་མི་མཐུན་པའི་ལྷ་སའི་ཡུལ་སྐད་དཔེར་ན།  ཡག་པོ་ལ་ཡག་ཀོ་དང་།  རྐང་པ་དང་ལག་པ་ལ་རྐང་ག་དང་ལག་ག  འགྲམ་པ་ལ་ལྡན་པ།  ཕེབས་ལ་ཐད་ཟེར་བ་ལྟ་བུ།  

    ༡༧.  དྲི་བ།   དབུས་གཙང་མདོ་ཁམས་གསུམ་གྱི་ཡུལ་སྐད་ནང་རྩ་བའི་ཐ་སྙད་གཅིག་གྱུར་ཡིན་པའི་གྲས་ཀྱི་བརྒྱ་ཆ་ག་ཚོད་ཟིན་ཡོད།

    ལན།  བརྒྱ་ཆ་བདུན་ཅུ་ལྷག་ཙམ་ཟིན་ཡོད།

    ༡༨.  དྲི་བ།  དབུས་གཙང་མདོ་ཁམས་གསུམ་གྱི་ཡུལ་སྐད་ནང་རྩ་བའི་ཐ་སྙད་མི་འདྲ་བའི་གྲས་ཀྱི་བརྒྱ་ཆ་ག་ཚོད་ཟིན་ཡོད།

    ལན།  བརྒྱ་ཆ་ཉི་ཤུ་ལྷག་ཙམ་ཟིན་ཡོད།  

    ༡༩.  དྲི་བ།  དབུས་གཙང་ཡུལ་སྐད་དང་ལྷ་སའི་སྐད་ཀྱི་ཚད་ལྡན་སྒྲ་གདངས་དེ་དབུས་གཙང་མདོ་ཁམས་གསུམ་གྱི་ཡུལ་སྐད་གཅིག་གྱུར་བྱེད་རྒྱུའི་རྨང་གཞི་ཡིན་པའི་རྒྱུ་མཚན་གང་ཡིན།

    ལན།   དེ་ལ་རྒྱུ་མཚན་གསུམ་ཡོད།  (༡)དབུས་གཙང་ལྷ་ས་བཅས་བོད་ཀྱི་ཆབ་སྲིད་དང་།  དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡིན་པ།  (༢)བོད་ལྗོངས་ཡོངས་སུ་ཁྱབ་ཆེ་བའི་ཆོས་ལུགས་རྙིང་མ།  ས་སྐྱ།  ཀརྨ་བཀའ་བརྒྱུད།  འབྲི་གུང་བཀའ་བརྒྱུད།  སྟག་ལུང་བཀའ་བརྒྱུད།  འབྲུག་པ་བཀའ་བརྒྱུད།  དགེ་ལུགས་གདན་ས་ཆེན་པོ་བཞི་བཅས་མང་ཆེ་བ་ལྷ་སའི་ཉེ་འདབས་སུ་ཡོད་པ་དང་ཁག་གཅིག་གཙང་དུ་ཡོད་པར་བརྟེན་དབུས་གཙང་མདོ་ཁམས་གསུམ་གྱི་མི་སྣ་འདུ་འཛོམས་ཆེ་བ།  (༣)བོད་སྐད་བེད་སྤྱོད་བྱེད་མཁན་བོད་རིགས་མི་འབོར་གྱི་ཁ་གྲངས་ས་ཡ་བཞི་དང་འབུམ་ལྔ་ཁྲི་དགུ་ལྷག་ཡོད་པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་བོད་མི་ཁྲི་ཉིས་བརྒྱ་ལྷག་ཙམ་ཡོད་པ་བཅས་ཡིན། 

    ༢༠.  དྲི་བ།  བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བའི་ནང་བཙན་པོའི་སྲིད་གཞུང་གིས་ཕྱི་རྒྱལ་དུ་སློབ་སྦྱོང་དུ་བཏང་བ་དང་།  སོ་སོས་འགྲོ་གྲོན་བཏང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་ལ་ཕེབས་པ་ཇི་ཙམ་ཡོད། 

    ལན།  སྐབས་དེར་བཙན་པོའི་སྲིད་གཞུང་གིས་ཕྱི་རྒྱལ་ལ་སློབ་སྦྱོང་ལ་བཏང་བ་མ་གཏོགས།  ལོ་ཙཱ་བ་སོ་སོས་གྲོན་དངུལ་བཏང་ནས་ཕེབས་མཁན་བྱུང་མེད།

    ༢༡.  དྲི་བ།  བསྟན་པ་ཕྱི་དར་སྐབས་བོད་ཀྱི་ས་གནས་སོ་སོའི་སྲིད་གཞུང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་ལ་བཏང་བའི་ལོ་ཙཱ་བ་ཇི་ཙམ་ཡོད།  སོ་སོས་གྲོན་དངུལ་བཏང་ནས་སློབ་སྦྱོང་ལ་ཕེབས་མཁན་ཇི་ཙམ་ཡོད།

    ལན།  སྐབས་དེར་མངའ་རིས་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་འགྲི་གྲོན་བཏང་ནས་མི་ཉི་ཤུ་རྩ་གཅིག་རྒྱ་གར་དུ་མངགས་ཀྱང་གཉིས་མ་གཏོགས་འགོ་མ་ཐོན་པར་སྐུ་གཤེགས།  དེ་འཕྲོས་ལོ་ཙཱ་བ་བརྒྱ་ལྷག་ཙམ་ཡོད་པ་ཚང་མ་སོ་སོས་གྲོན་དངུལ་བཏང་ནས་ཕེབས་པ་ཤ་སྟག་རེད།


    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།