[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་ཁྱབ་གདལ།>ལག་རྩལ་གསོ་སྦྱོང་།
  • ཕྱུགས་ཕྲུག་ཟས་འཇུ་མི་ལེགས་པའི་ནད་ལ་བརྟག་དཔྱད་དང་སྔོན་འགོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-12-28

    ཕྱུགས་ཕྲུག་ཟས་འཇུ་མེ་ལེགས་པའི་ནད་ནི་རྒྱུན་དུ་མཐོང་བའི་འཇུ་བྱེད་ལམ་གྱི་འགོ་ནད་ཅིག་རེད་ལ་ནད་ཕོག་ཚད་མཐོ་ལ་ཕྱུགས་ཕྲུག་ཤི་བའི་གནས་ཚུལ་ཡང་བྱུང་སྲིད་པ་མ་ཟད་ཕྱུགས་ཕྲུག་གི་འཚར་ལོངས་ལ་གནོད་སྐྱོན་ཡོད་པ་ཕུད་མ་འོངས་པར་ཕྱུགས་རིགས་འཕེལ་རྒྱས་གཏོང་རྒྱུའི་ནུས་པར་ཤུགས་རྐྱེན་ཧ་ཅང་ཆེན་པོ་བཟོ་གི་ཡོད། དང་པོ། ནད་གཞི་སློང་རྐྱེན། ཕྱུགས་ཕྲུག་གི་འཇུ་བྱེད་དབང་པོ་དང་ནུས་པའི་ཐོག་ནས་འཚར་ལོངས་ཡག་པོ་བྱུང་མེད་པས་ཡིན། དེར་བརྟེན་གསོ་ཚགས་དོ་དམ་ཐད་ལུགས་མཐུན་མ་བྱུང་ན་འཇུ་བྱེད་ནུས་པ་འཁྲུག་ནས་འཇུ་བྱེད་ཡག་པོ་མ་བྱུང་བའི་གནས་ཚུལ་ཐོན་སླ་པོ་ཡོད། མིས་གསོས་ཕྱུགས་ཕྲུག་དང་ལུག་ཕྲུག་རྒྱུན་དུ་ལྟོ་ཚད་མི་སྙོམས་པའི་རྐྱེན་གྱིས་ནད་ཕོག་གི་ཡོད་ལ་དེ་བཞིན་གཟུགས་པོ་སྐྱོ་བ་དང་ནད་ཕོག་པའི་མོ་ཕྱུགས་ཀྱི་འོ་མ་མི་ལྡེང་བའམ་ཡང་ན་མོ་ཕྱུགས་ཀྱི་ནུ་མ་ན་བའམ་ཡང་ན་ནད་གཞན་གྱིས་རྐྱེན་པས་འོ་མའི་ངོ་བོ་འགྱུར་བ་བཅས་ཀྱིས་ཕྱུགས་ཕྲུག་གི་འཇུ་བྱེད་ཡག་པོ་མི་ཡོངས་བའི་གནས་ཚུལ་ཐོན་གྱི་ཡོད། མངལ་ཆགས་པའི་མོ་ཕྱུགས་ལ་ཀལ་དང་། ལིན། གུང་ལ་ཕུག་གི་བཅུད་བཅས་མ་འདང་ཚེ་དེ་ལས་སྐྱེས་པའི་ཕྱུགས་ཕྲུག་རྣམས་ལའང་ཀལ་དང་། ལིན། གུང་ལ་ཕུག་བཅུད་མི་ལྡང་བའི་ནད་འགོག་གི་ནུས་ཤུགས་ཡང་ཆུང་དུ་ཕྱིན་པ་ཡིན། དེ་བས་ཕྲུགས་རིགས་ཁྱུ་ཆེན་འཚོ་བའི་སྐབས་གཟན་ཆགས་དཀོན་པའི་རྐྱེན་གྱིས་འཚོ་བཅུད་མི་ལྡེང་བ་དང་འོ་མ་མི་ལྡེང་བས་ཕྱུགས་ཕྲུག་གྲོད་པ་མི་རྒྱགས་པའམ་འཚོ་བཅུད་མི་ལྡེང་བའི་གནས་སུ་ལྷུང་པ་མ་ཟད་རྒྱུན་དུ་དུ་གཟན་ཆག་ངོ་མ་མ་ཡིན་པའི་ཟས་ཟོས་པའི་ནད་མངོན་པ་ཡིན་ལ་གཟན་ཆག་གཙང་མ་མེད་པ་ཟ་བ་དང་ཆུ་བཙོག་པ་བཏུང་པའི་རྐྱེན་གྱིས་ཕྲུགས་ཕྲུག་འབོར་ཆེན་ཞིག་ལ་འཇུ་བྱེད་ཡག་པོ་མ་བྱུང་བར་ཤི་འགྲོ་གི་ཡོད། དེ་བཞིན་ཕྱུགས་ཕྲུག་ལ་དོ་དམ་ཡག་པོ་མ་བྱུང་བ་དང་ཕྱུགས་ཚང་གི་འཕྲོད་བསྟེན་ཡག་པོ་མ་བྱུང་བ། ཟགས་ཐོན་སོགས་དངོས་པོས་གཟན་ཆག་དང་འཐུང་ཆུ་བཙོག་པ་བཟོ་བ་མ་ཟད་ཕྱུགས་ཚང་ཡང་བཙོག་པ་བཟོ་བ་བཅས་ཀྱིས་ནད་དེ་བྱུང་སྲིད་པ་དང་གསོ་བྱེད་འོ་མའི་དོ་གྲང་མ་སྙོམས་པ་བཅས་ཀྱིས་ཀྱང་ནད་དེ་བྱུང་སྲིད། གཉིས་པ། ནད་ཐོག་གི་ནད་རྟགས། ནད་འདིའི་ནད་རྟགས་ནི་བཤལ་བ་དང་། སྦོས་པ། སེམས་མི་གནས་པ། དང་ག་ཆག་པའམ་ཡང་ན་ཟས་མི་བཟའ་བ། སྣ་ཁུག་སྐམ་པ། ལྟོ་བ་འཁུམ་པ། སྒལ་གཞུང་འབུར་བ། སྤུ་རྩིང་ཞིང་འོད་མེད་པ་བཅས་ཀྱི་ནད་རྟགས་ཡོད། རྒྱུན་དུ་ལྕི་བ་སླ་པོ་སྐྱོ་མ་ནང་བཞིན་ནམ་ཡང་ན་ཆུ་ནང་བཞིན་གཏོང་གི་ཡོད་པ་མ་ཟད་ནང་ཚི་ལྡན་གྱི་ལྦུ་བ་ལྡན་པ་བཅས་ཡིན། ཕྱུགས་ཕྲུག་གིས་བའི་བཙོག་པ་རྒྱུན་དུ་འཇུ་མ་ཐུབ་པའི་རྐྱེན་གྱིས་ཁ་དོག་སྐྱ་བོ་ཡིན། ནད་དུག་རང་བཞིན་གྱི་འཇུ་བྱེད་ཡག་པོ་མ་བྱུང་བའི་ནད་ལ་གྲོད་པར་ན་ཟུག་དྲག་པོ་གཏོང་གི་ཡོད་ལ་ལྕི་བའང་ཐལ་མདོག་གམ་ཡང་ན་ལྗང་མདོག་བཤལ་གྱི་ཡོད། ཡིན་ནའང་གཟུགས་པོ་སྐྱོ་བ་དང་གཉིད་ཉལ་རྒྱུར་དགའ་པོ་ཡོད། གལ་སྲིད་མུ་མཐུད་ནས་ཕོ་བ་དང་རྒྱུ་མར་གཉན་ཚན་ཕོག་པ་ཡིན་ན་གཟུགས་དྲོད་ཧྲེ་ཧྲེ་ཏུའུ་40ནས་41མཐོ་རུ་ཕྱིན་པ་མ་ཟད་དབུགས་གཏོང་ཚད་མགྱོགས་སུ་ཕྱིན་པ། སྙིང་འཕག་ཚད་མགྱོགས་སུ་ཕྱིན་པ། རྩ་འཕག་ཤུགས་ཆག་པ་བཅས་ཀྱི་ནད་རྟགས་ཐོན་གྱི་ཡོད། གསུམ་པ། སྔོན་འགོག་བྱེད་ཐབས། རྒྱུན་དུ་གསོ་ཚགས་དོ་དམ་ལ་དོ་སྣང་བྱེད་དགོས། རྩྭ་ཆུ་གཉིས་དུས་བཀག་བྱས་ནས་སྤྲོད་དགོས་པ་མ་ཟད་དྲོད་ཚད་ཀྱང་གཏན་འཁེལ་བྱེད་དགོས། དེ་བཞིན་ཕྱུགས་ཚང་དང་ཟ་ཆས་འཐུང་ཆས་ཀྱི་ཡོ་བྱད་རྣམས་གཙང་མ་བྱེད་དགོས་པ་ཕུད། དགུན་ཁའི་དུས་སུ་དྲོ་པོ་ཡོང་བའི་བྱ་ཐབས་སྤེལ་དགོས་པ། ཕྱུགས་ཕྲུག་ལྟོ་བཟའ་ས་དང་འགུལ་སྐྱོད་རྭ་བར་རླུང་འགྲོ་ངེས་ཅན་ཡོད་དགོས་པ་དང་དུས་མཚུངས་མོ་ཕྱུགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། བཞི་པ། སྨན་བཅོས་བྱ་ཐབས། སྔོན་ལ་ཟས་བཅད་ནས་ལུས་འཕྲོད་ཚྭ་ཆུ་ཚ་པོ་སྟེར་དགོས་པའམ་ཡང་ན་རྒུན་འབྲུམ་མངར་ཆའི་ལུས་འཕྲོད་ཚྭ་ཆུ་སྤྲོད་དགོས། འཇུ་བྱེད་སྨན་སྟེར་དགོས། རྒྱུན་དུ་རུ་མ་ཁེ་5ནས་10 བར་ཆུའི་ནང་སྦངས་ནས་ཕྱུགས་ཕྲུག་ལ་བླུགས་དགོས། ལུག་ཕྲུག་ལ་རུའུ་མི་ཧྲེང་ཁེ་1ནས་2དང་རུ་མ་ཁེ་2ཆུ་དྲོད་འཇམ་ནང་སྦངས་ནས་བླུགས་དགོས། གལ་སྲིད་ཆ་རྐྱེན་ཡོད་ཚེ་ཕོ་བའི་སྤྲིན་དཀར་མེ་རྫས་ཁེ་2ནས་5བར་འཇུ་བྱེད་རོགས་པར་སྤྲད་ཆོག ཕྱུགས་ཕྲུག་ཚབས་ཆེན་བཤལ་བའི་སྐབས་བཙོག་པའི་ཁ་དོག་ནི་ཐལ་མདོག་ཡིན། འཇུ་བྱེད་སྨན་སྤྲོད་དགོས་པ་ཕུད་ཁཱ་ནཱ་མའེ་སུའུ་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་རེ་རེར་འཇལ་ཚད་ཁྲི་གཉིས་རེ་བྱས་ཏེ་ཁབ་ཉིན་མ་རེར་ཐེངས་གཉིས་བརྒྱབ་ན་ཕན་ནུས་ཆེན་པོ་ཡོད། གཞན་ཡང་འབུ་ཕྲ་འགོག་པའི་སྨན་དཔེར་ན་ཁིལ་མེ་རྒྱུ་ཕྱུགས་ཕྲུལ་ལ་ཁེ་0.5དང་ལུག་ཕྲུག་ལ་ཁེ་0.15ནས་0.25ཕོ་བའི་སྤྲི་དཀར་མེ་རྫས་དང་མཉམ་དུ་ཆུའི་ནང་སྦངས་ནས་ཉིན་རེར་ཐེངས་གཉིས་རེ་བསྟེར་དགོས། ཡང་གལ་སྲིད་གཟུགས་པོའི་ཆུ་ཤོར་བ་ཡིན་ན་རྒུན་འབྲུམ་མངར་ཆའི་ལུས་འཕྲོད་ཚྭ་ཆུ་བེད་སྤྱད་ནས་བརྒྱ་ཆ་20ལ་ཨན་ནཱ་ཅཱ་ངེས་ཅན་ཞིག་བླུགས་ནས་གསུས་ཁོག་ལ་ཁབ་རྒྱག་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།