[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • བོད་ལྗོངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ཚན་རྩལ་གྱིས་རོགས་སྐྱོར་བྱས་པའི་སྐོར་གྱི་རིམ་སྤེལ་འཕྲིན་སྤེལ་དང་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-08

    619649_yis_1557205911091.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཚན་རྩལ་ཆེད་མངགས་པ་ཀྲང་ཅི་མིང(གཡས་ཀྱི་གསུམ་པ)གིས་ས་གནས་དེ་གའི་ཞིང་པར་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་འདེབས་འཛུགས་ལག་རྩལ་ཟུར་ཁྲིད་བྱེད་བཞིན་པ། 

    རྩོམ་སྒྲིག་པའི་སྦྲགས་མཆན། 

    འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་ཡིན་ཞིང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་པས་དུས་ཐུང་ལོ་བཅུ་ཕྲག་རིང་། ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ཡོད། མེས་རྒྱལ་གྱི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུས་ནས་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་བྱེད་དགོས། དེ་རིང་ནས་བཟུང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་པར་ངོས་དང་པོའི་ཐོག“བརྗིད་ཉམས་ཆེ་བའི་ལོ་70 དུས་རབས་གསར་པར་འབད་འཐབ་བྱེད”ཅེས་པའི་ལེ་ཚན་འདོན་རྒྱུ་ཡིན་པས་དོ་ཁུར་ཡོད་པར་ཞུ། 

    ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། དེའི་ནང་ཤེས་ལྡན་མི་སྣས་གཞན་ལས་ལྷག་པའི་ནུས་པ་བཏོན་ཡོད། 

    ཚན་རྩལ་ལས་དོན་པ་ཁག་ཐེངས་མང་པོ་རྒྱ་ཆེ་བའི་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཞིང་ལས་ཚན་རྩལ་ཞིབ་འཇུག་ལས་ལ་གཞོལ་བ་དང་། ཁོང་ཚོ་ནི་འཛམ་གླིང་ཡང་རྩེའི་ཐོག་གི་ཚན་རྩལ་གྱི“སྟོབས་གསར་དམག་དཔུང”ཞིག་རེད། ཚན་རྩལ་ལས་དོན་པ་གཞི་རིམ་དུ་བསྐྱོད་ནས་ལས་དོན་ཇི་ལྟར་སྤེལ་མིན་དང་། གྲུབ་འབྲས་གང་དག་ཐོབ་ཡོད་དམ། དུས་རབས་གསར་པའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོའི་མདུན་དུ་ཇི་ལྟར་བྱས་ནས་ཚན་རྩལ་ཤེས་ལྡན་མི་སྣའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་སམ། དེའི་ཐད། གསར་འགོད་པས་བརྟག་དཔྱད་གཏིང་ཟབ་བྱས་པ་ཡིན། 

    ཚན་རྩལ་ལས་དོན་པས་ཞིང་ནང་དང་མུ་ཁར་ལག་རྩལ་བརྒྱུད་སྤྲོད་བྱས་པ།

    “ཚལ་གྱི་མྱུ་གུའི་དབར་བར་ཐག་ངེས་ཅན་འཇོག་དགོས། ཆུ་འདྲེན་པའི་དུས་སུ་ངེས་པར་དུ་སྔོ་ཚལ་གྱི་རྩ་བར་ཐིམ་པ་བྱེད་དགོས། དེ་ལྟར་མ་བྱས་ཚེ་ཆུ་ཡག་པོ་ཐིམ་གྱི་མེད”ཅེས་ཀྲང་ཅི་མིང་གིས་བརྗོད་པ་དང་། ཁོང་ཞིང་ཁའི་རྣང་མའི་ཟུར་དུ་ཙོག་པུར་སྡོད་བཞིན་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཞིང་པར་ཚལ་གྱི་མྱུ་གུ་གསོ་བའི་ལག་རྩལ་བརྒྱུད་ཁྲིད་བྱེད་བཞིན་འདུག

    ཀྲང་ཅི་མིང་ནི་པ་སྣམ་རྫོང་གི་རྒྱལ་ཁབ་རིམ་པའི་སྔོ་ཚལ་ཚད་ལྡན་ཅན་ཐོན་སྐྱེད་རྟེན་གཞིའི་ལག་རྩལ་པ་ཞིག་ཡིན་ཞིང་། ཚན་རྩལ་ཆེད་མངགས་པ་ཞིག་ཡིན་པའི་ཆ་ནས་ཁོང་གིས་ས་མཐོའི་དམིགས་བསལ་གྱི་གནམ་གཤིས་ཁོར་ཡུག་ལ་གཞིགས་ནས་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་འདེབས་པའི་ལག་རྩལ་ཞིབ་འཇུག་བྱས་ནས་ས་མཐོའི་སྤྱི་གནོད་མེད་པའི་སྔོ་ཚལ་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལག་རྩལ་གྱི་ཉམས་མྱོང་མང་པོ་བསགས་ཡོད།

    ཤིང་ཏོག་དང་སྔོ་ཚལ་གྱི་སྤྱི་གནོད་མེད་པའི་སྔོ་ཚལ་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལག་རྩལ་ནས་ཤིང་ཏོག་དང་སྔོ་ཚལ་གྱི་གནོད་འབུ་འགོག་བཅོས་དང་འགྱིག་ཤོག་དྲོད་ཁང་ཆེ་མོའི་རྒྱུན་གཏན་གྱི་གཡོག་བྱེད་བར་ཚན་རིག་ལག་རྩལ་གྱིས་ཞིང་འབྲོག་པས་སྔོ་ཚལ་འདེབས་པའི་ཉེན་ཁ་ཆུང་དུ་བཏང་ཡོད་ལ། འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་འདེབས་པའི་ཕན་འབྲས་ཀྱང་ཆེ་རུ་བཏང་ཡོད། 

    “ཕྱིར་འཚོང་ཡོང་འབབ་ཐད། སྨི་25ཟིན་པའི་འགྱིག་ཤོག་དྲོད་ཁང་ཆེ་མོ་ཞིག་ལ་མཚོན་ན། འགྱིག་ཤོག་དྲོད་ཁང་ཆེ་མོ་རེར་ཆ་སྙོམས་ཡོང་འབབ་དེ་སྔའི་སྒོར་2000དང་2500ནས་ད་ཆའི་འགྱིག་ཤོག་དྲོད་ཁང་ཆེ་མོ་རེར་ཆ་སྙོམས་ཡོང་འབབ་སྒོར་5500དང་6500ཙམ་བར་མཐོ་རུ་ཕྱིན་པ་དང་། ཞིང་དུད་ཁག་གཅིག་ལ་ཡོང་འབབ་སྒོར་8500ལྷག་ཙམ་ཟིན་ཡོད། མུའུ་རེའི་ཐོན་སྐྱེད་རིན་ཐང་ནས་རྩིས་བརྒྱབ་ན། མུའུ་རེ་ནས་སྒོར་16500ནས་20000ཙམ་ཡོང་གི་ཡོད་པ་དང་། ཆ་སྙོམས་མུའུ་རེར་སྒོར་18500ལྷག་ཙམ་ཡོང་གི་ཡོད”ཅེས་ཀྲང་ཅི་མིང་གིས་གསར་འགོད་པར་བརྗོད།

    བསྡོམས་རྩིས་ལ་གཞིགས་ན། རང་ལྗོངས་སུ་ཚན་རྩལ་ཆེད་མངགས་པ་ཁྲི་1ལྷག་ཙམ་མང་དུ་ཕྱིན་ནས་སྲིད་འཛིན་གྲོང་ཚོ་ཡོངས་ལ་ཁྱབ་ཡོད། ན་ནིང་ཁོ་ནར། རང་ལྗོངས་ཀྱིས་ཚན་རྩལ་ཆེད་མངགས་པ་10519གཞི་རིམ་དུ་མངགས་ཡོད། ཁོང་ཚོ་ལུང་པ་གང་དུ་སླེབས་རིམ་བཞིན་དེ་ཁུལ་གྱི་ཞིང་འབྲོག་པའི་སྣེ་འཁྲིད་དེ་ཞིང་ལས་ལོ་ཏོག་འདེབས་པའི་གསོན་ཤུགས་འཕེལ་བ་དང་། ཁོང་ཚོས་ཚན་རྩལ་རྣམ་གྲངས་དང་ཞིང་འབྲོག་ལས་རྣམ་གྲངས་དམ་འཛིན་བྱེད་གཞིར་བྱས་ནས་ཆེད་ལས་མཉམ་ལས་ཁང་3955བཙུགས་པ་དང་། ཞིང་འབྲོག་པའི་དཔལ་འབྱོར་དངོས་ཚན་769སྣེ་འཁྲིད་དེ་གཉེར་བ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་26024ལ་རོགས་སྐྱོར་བྱས་པ་དང་ཆབས་ཅིག ཚན་རིག་ལག་རྩལ་ལ་བརྟེན་ནས་ཞིང་འབྲོག་ལས་ཐོན་སྐྱེད་བརྒྱུད་རིམ་ནང་གི་ཞིང་འབྲོག་མང་ཚོགས་ཀྱི་དཀའ་གནད་བསལ་བས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཐོབ་ཡོད། 

    གཞི་རིམ་དུ་ཞུན་བརྡར་སྤྲས་ནས་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་བཏང་བ།

    ཟླ་བ་པད་མ་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་ཤང་སླད་གྲོང་ཚོའི་ཚན་རྩལ་ཆེད་མངགས་པ་ཞིག་ཡིན་ཞིང་། མི་རིང་བའི་གོང་། ཁོང་དང་ལྷོ་ཁ་གྲོང་ཁྱེར་གྱི་ཚན་རྩལ་ཆེད་མངགས་པ་གཞན་23དག་ཉིང་ཁྲིའི་མེ་ཏོག་རྫོང་དང་ཨན་ཧུའེ་ཡི་ཧོང་ཧྲན་དུ་ཇ་ཤིང་འདེབས་པ་དང་ཇ་ལོ་ལས་སྣོན་གྱི་ལག་རྩལ་ལ་རྟོག་ཞིབ་བྱེད་པར་བསྐྱོད་དེ་ཇ་ཤིང་སྡོང་ཕྲུག་གསོ་བ་དང་། ཇ་ར་འཛུགས་པ། ནད་འབུ་འགོག་བཅོས་དང་དེ་བཞིན་ཇ་ལོ་ལས་སྣོན་དང་། ཐུམ་སྒྲིལ། གཉེར་ཚོང་སོགས་ཀྱི་ལག་རྩལ་རབ་དང་རིམ་པ་བརྒྱུད་རིམ་ལྡན་པའི་ངང་སྦྱངས་ཡོད་པ་རེད། 

    “ང་ཚོའི་ཤང་གི་ཆེད་ལས་མཉམ་ལས་ཁང་2013ལོར་བཙུགས་པ་དང་། དེ་ཉིད་གྲོང་ཚོ་གཉིས་ཀྱི་གྲོང་ལྷན་ཚན་ཁག་གི་ཁོངས་མི་དང་ཞིང་འབྲོག་པ་ཁག་གཅིག་ལས་གྲུབ་པ། དེ་ནི་ཇ་ཤིང་འདེབས་པ་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཆེད་ལས་མཉམ་ལས་ཁང་ཞིག་རེད། ཡིན་ནའང་ཇ་ལོ་ཐོན་ཚད་དམའ་བ་དང་སྤུས་ཀ་ཞན་པོ་ཡོད། གསོ་སྦྱོང་དང་རང་སྦྱོང་རྒྱུན་ཆད་མེད་པ་བྱས་པ་བརྒྱུད། ང་དང་ཚན་རྩལ་ཆེད་མངགས་པ་གཞན་དག་གཉིས་ཇ་ཤིང་འདེབས་འཛུགས་ཀྱི་ལག་རྩལ་རྐང་འཛིན་པར་གྱུར་ཡོད”ཅེས་ཟླ་བ་པད་མས་བརྗོད།

    ད་ཆ་སླད་ཤང་ཇ་ཤིང་འདེབས་འཛུགས་ལས་རིགས་མཉམ་ལས་ཁང་ལ་ཇ་ཞིང་མུའུ་693བར་མང་དུ་ཕྱིན་ཞིང་། མཉམ་ལས་ཁང་གིས“རྟེན་གཞི་དང་། ཞིང་དུད། མཐུན་ཚོགས་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་120བྱུང་ཡོད་པ་དང་། ལས་མིར་ཁྱོན་ཡོང་འབབ་སྒོར་ཁྲི་85སྤྲད་པ་དང་ཆབས་ཅིག ཤང་གི་ཞིང་འབྲོག་མང་ཚོགས་ལ་དཔལ་འབྱོར་གྱི་ཡོང་འབབ་གཏོད་པར་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད། 

    གཞི་རིམ་དུ་ཚན་རྩལ་ཤེས་ལྡན་མི་སྣ་དགོས་མཁོ་ཧ་ཆང་ཆེ་ཞིང་། ཚན་རྩལ་ཆེད་མངགས་པའི་ལག་རྩལ་འཇོན་ཐང་སྔར་བས་འདོན་སྤེལ་བྱེད་ཆེད། རང་ལྗོངས་ཀྱིས་ཚན་རྩལ་ཆེད་མངགས་པར་སྔོན་ཐོན་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་དང་ལས་གཏོད་རྩལ་ནུས་སོགས་ཐད་ཀྱི་གསོ་སྦྱོང་བྱས་པ་དང་ལྷོ་ཁ་དང་། ཉིང་ཁྲི། ལྷ་ས་སོགས་གྲོང་ཁྱེར་གྱིས་ལོ་ལྟར་ཚན་རྩལ་ཆེད་མངགས་པའི་རྩལ་ནུས་གསོ་སྦྱོང་ཐེངས་གསུམ་བཞི་བྱས་ནས་ཁོང་ཚོས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་དུད་ཚང་དབུལ་པོའི་འབབ་འཕར་ཕྱུག་འགྱུར་ལ་ཁྱབ་འགྱེད་སྐུལ་ཁྲིད་བྱེད་པའི་འཇོན་ཐང་ཆེ་རུ་བཏང་ཡོད་པ་རེད། 

    ཉི་མ་བཀྲ་ཤིས་ལ་ཀུན་གྱིས་ནས“འབུམ་རམས་པ”ཞེས་འབོད་ཅིང་། 1999ལོར་འབུམ་རམས་པའི་སློབ་མཇུག་འགྲིལ་རྗེས། ཁོང་གིས་རྒྱལ་ཁབ་ཕྱི་ནང་གི་ཚན་ཞིབ་སྒྲིག་གཞིའི་གླ་ཕོགས་མཐོ་བའི་ལས་གནས་དོར་ནས་བོད་དུ་ལས་ཀ་བྱེད་པར་ལོག་རྒྱུའི་སེམས་ཐག་བཅད་དེ་དཀའ་ཚེགས་ཆེ་བའི་ས་མཐོའི་ཞིང་ལས་དང་ནས་སོན་ཞིབ་འཇུག་ལས་ལ་གཞོལ་ཡོད། ཁོང་གིས་སེམས་ནུས་མང་ཆེ་བ་ནས་སོགས་ཞིང་ལས་ཀྱི་འབྲེལ་ཡོད་ཞིབ་འཇུག་ལས་ལ་སྤྱད་ནས་གཟའ་མཇུག་ངལ་གསོ་རྒྱག་ཁོམ་མེད་ལ། འཁོར་ཞག་ལའང་འགྲོ་ཁོམ་མེད། འབུམ་རམས་པ་ཞིག་ནས་ཞིང་ནང་མུ་ཁའི་ཞིང་འབྲོག་མང་ཚོགས་དང་མཉམ་དུ་ངལ་རྩོལ་བྱེད་མཁན་ཞིག་ཏུ་གྱུར་ཡོད། 

    “ཞིང་པ་ནི་ཞིང་ལས་ཐད་ཀྱི་རིགས་གཅིག་མཁས་ཅན་ངོ་མ་རེད” ཅེས་ཉི་མ་བཀྲ་ཤིས་ཀྱིས་ཁེངས་སྐྱུངས་ངང་ཞིང་པའི་ས་ནས་སློབ་སྦྱོང་བྱས་ཤིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཁོང་གིས་སྣེ་འཁྲིད་དེ་ཐོན་ཁུངས་གསལ་འབྱེད་དང་། སོན་གསོ། འདེབས་གསོ། དཔེ་སྟོན་ཁྱབ་གདལ། ཐོན་རྫས་ལས་སྣོན་བཅས་ཀྱི་གསར་གཏོད་ཚོགས་པ་5བཙུགས་ཐོག་ནས་ཐོན་ལས་ཅན་གྱི་བགྲོད་ལམ་བཏོད་དེ“བོད་ནས་ཨང་2000”སོགས་ནས་སོན་སྤུས་ལེགས་ཁག་གཅིག་སྐྱེད་སྲིང་བྱས་པ་དང་། “བོད་ནས་ཨང་2000”ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་100ལྷག་ཙམ་ཟིན་ནས་རང་ལྗོངས་ཀྱི་ནས་འདེབས་ཁྱོན་གྱི་50%ཡན་ཟིན་པ་དང་། མུའུ་རེའི་ཐོན་འབབ་མང་ཤོས་རྒྱ་མ་900ཟིན་ནས་རང་ལྗོངས་ཀྱི་ནས་འདེབས་ཁྱོན་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་སྦྲགས་ཞིང་པ་ཁྲི་ཚོ་དུ་མར་ཕན་པ་ཐོབ་ཡོད་པ་རེད། 

    2012ལོ་ནས་2018ལོའི་བར། རང་ལྗོངས་ཀྱིས་ཚན་རྩལ་པུའུ་ཤེས་ལྡན་མི་སྣའི་ལྟེ་གནས་ལ“གཞོན་དར་ཚན་རྩལ་གསར་གཏོད་སྣེ་ཁྲིད་ཤེས་ལྡན་པ”119དང་། “ཚན་རྩལ་གསར་གཏོད་ལས་གཏོད་ཤེས་ལྡན་པ”31 “གཙོ་གནད་ཁྱབ་ཁོངས་ཀྱི་གསར་གཏོད་ཚོགས་པ”9 “གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་དཔེ་སྟོན་རྟེན་གཞི”6བཅས་འོས་སྦྱོར་བྱས་ཡོད། དེ་དག་ལས་14རྒྱལ་ཁབ་ཀྱི“གསར་གཏོད་ཤེས་ལྡན་པ་སྐུལ་སྤེལ་འཆར་གཞིའི”ནང་ཚུད་པ་དང་། མི་10“གསར་གཏོད་ཤེས་ལྡན་པ་སྐུལ་སྤེལ་འཆར་གཞི”བརྒྱུད་རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”ནང་ཚུད་ཡོད། གྲངས་གཞི་འདི་དག་ནི་ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་མདུན་གྲལ་དུ་སླེབས་ཡོད་པ་རེད། 

    སྲིད་ཇུས་ལ་བརྟེན་ནས་ཚན་རྩལ་ཤེས་ལྡན་པ་གཞི་རིམ་དུ་གཞི་ཚུགས་པར་བྱས་པ། 

    འདི་ལོའི་ཟླ་3པར། 2018ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཡོངས་བསྒྲགས་བྱས་པ་ལས། ཁྱོན་རྣམ་གྲངས་21ལ་བྱ་དགའ་ཐོབ་ཡོད་པ་དང་། ད་དུང་བྱ་དགའི་དངུལ་འབོར་སྒོར་ཁྲི་100ཟིན་པའི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་ཡང་ཐེངས་དང་པོར་བདམས་ཡོད་པ་རེད། 

    “རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ནི་རང་ལྗོངས་ཀྱིས་བཙུགས་པའི་སྲིད་གཞུང་གི་ཚན་རྩལ་བྱ་དགའ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོ་ཚན་རྩལ་གསར་གཏོད་བྱེད་སྒོར་སྔར་བས་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བཏང་ཐོག ཚན་རྩལ་གཞི་རིམ་ལ་ཁྱབ་གདལ་གཏོང་བ་དང་། ཚན་རྩལ་སྲིད་ཇུས་གཞི་རིམ་ལ་ཕྱོགས་པ། ཚན་རྩལ་རྣམ་གྲངས་གཞི་རིམ་ལ་ཁྱབ་པ་བཅས་ལ་སྐུལ་ཁྲིད་བྱས་ནས་རང་ལྗོངས་ཀྱི་ཚན་རྩལ་ཡར་ཐོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན”ཞེས་འཕྲིན་ལས་དབང་རྒྱལ་གྱིས་ངོ་སྤྲོད་བྱས། 

    བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། རང་ལྗོངས་ལ་ད་ཆ་ཚན་རྩལ་ཤེས་ལྡན་མི་སྣ་20434ཡོད་ལ། ཚན་རྩལ་ཤེས་ལྡན་མི་སྣས་མི་གྲངས་ཡོངས་ཀྱི་0.6%ཙམ་བཟུང་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་10%དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་པ་རེད། ད་ཡོད་ཚན་རྩལ་ཤེས་ལྡན་མི་སྣས་ལས་གྲྭ་དང་། ཞིང་ལས། འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་ལས་ཀ་བྱེད་ཀྱི་ཡོད་ལ། སྐྱེ་དངོས་དང་། སྨན་རྫས། འཕྲིན་གཏོང་། མིས་བཟོས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་སུ་ཚན་རྩལ་ཤེས་ལྡན་མི་སྣ་ཧ་ཅང་དཀོན་ཞིང་། ཚན་རྩལ་ཤེས་ལྡན་མི་སྣ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆ་འགྲིག་ཚད་ད་དུང་ཅུང་དམའ་པོ་ཡོད་པ་རེད། 

    མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ཆ་ནས། རང་ལྗོངས་ཀྱི་རྒྱ་ཆེའི་གཞི་རིམ་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཅུང་ཞན་པོ་ཡིན་པས། ཚན་རྩལ་ཤེས་ལྡན་མི་སྣ་དང་ལྷག་པར་དུ་ཚན་རྩལ་ཤེས་ལྡན་མི་སྣ་རྩེ་གྲའི་ཡིད་དབང་འགུགས་ཤུགས་ཆེན་པོ་མེད། རང་བྱུང་ཆ་རྐྱེན་དང་ས་ཁམས་གནས་ཡུལ་ལ་འགྱུར་ལྡོག་གཏོང་ཐབས་མེད་པས། ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་ཐད་ནས“གསབ”དགོས། སྲིད་ཇུས་ཀྱི་ལེགས་ཆ་སྤྱད་དེ་ས་མཐོའི་ཞན་ཆ་གསབ་ཚེ། གཞི་རིམ་ལ་གཞི་ཚུགས་ཐུབ་པའི་ཚན་རྩལ་གྱི་སྟོབས་ཤུགས་གསར་པ་ཁག་མང་པོའི་ཡིད་དབང་གཞི་ནས་འགུགས་ཐུབ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།