[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • 2016ལོ་ཚུན། བོད་ཀྱིས་ཞིབ་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར་10.98དོན་འཁྱོལ་བྱས་པ།

    ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་49%ཟིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། 2016ལོ་ཚུན་དུ། བོད་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཞིབ་སྤེལ་མ་དངུལ་སྒོར་དུང་ཕྱུར་10.98དོན་འཁྱོལ་བྱས་པ་དང་། ཚན་རྩལ་ཡར་ཐོན་གྱིས་ཞིང་འབྲོག་ལས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་49%ཟིན་ཏེ། དེ་སྔའི་རགས་ལས་རྨོ་འདེབས་དང་གནམ་ལ་བརྟེན་ནས་ཕྱུགས་འཚོ་བའི་ཞིང་འབྲོག་ལས་ཀྱི་གདོད་མའི་རྣམ་པ་དང་རིམ་བཞིན་གྱེས་པ་རེད།

    གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་སྤེལ་འགྲོ་གྲོན་ལོ་རེར་ཆ་སྙོམས་30.4%འཕར་བ་དང་། མ་དངུལ“ལོ་ལྔ་ཚན་དགུ་པའི”རིང་གི་སྒོར་དུང་ཕྱུར་8.73ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་སྒོར་དུང་ཕྱུར་16.99བར་མང་དུ་སོང་ཡོད། མ་དངུལ་རྒྱུན་མཐུད་བརྟན་པོ་བྱུང་བ་དེས་བོད་ལ་ས་མཐོའི་ཁྱད་ཆོས་ལྡན་པའི་རིག་ཚན་མང་བ་དང་ཁྱབ་ཁོངས་མང་བའི་ཚན་ཞིབ་ལག་རྩལ་གྱི་མ་ལག་ཅིག་རིམ་བཞིན་ཆགས་ཤིང་། ཁྱབ་ཁོངས་སུ་ཞིང་འབྲོག་ལས་དང་། ཁྱད་ལྡན་ཐོན་ལས། འཕྲོད་བསྟེན་དང་གསོ་རིག ས་མཐོའི་སྐྱེ་དངོས། ནགས་ལས། གནམ་དཔྱད། གནམ་གཤིས། འཇིག་རྟེན་འཕྲོ་ཐིག་སོགས་ཚུད་ཡོད།

    ལོ་མང་རིང་། བོད་དུ་ནས་ཀྱིས་མཚོན་པའི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཐེངས་གསུམ་བརྗེས་པ་དང་། ཕག་རི་དང་། གཟི་ཕུག མྱང་གཡག བརྒྱད་ཟིལ། རི་བོ་ཆེ་བཅས་སུ་འབྲི་གཡག་རྒྱུད་པའི་འདེམས་གསོའི་ལྟེ་གནས་5བཙུགས་ཡོད། དེའི་ནང་། བོད་ནས་ཨང་320དང་། བོད་ནས་ཨང་2000 དགུན་ནས་ཨང་18 ཧི་མ་ལ་ཡ་ཨང་22སོགས་སོན་བཟང་གི་འདེབས་ཁྱོན་མུའུ་ཁྲི་བརྒྱ་ཡན་ཟིན་པ་དང་། ནས་ཀྱི་སོན་བཟང་ཁྱབ་ཚད་90%ཟིན་པ། འབྲི་གཡག་རྒྱུད་བཟང་5ཡིས་རིམ་རྩིས་བྱས་ན་མགོ་གྲངས་4000ལྷག་ཙམ་གསོས་པ་དང་། རྒྱུད་བཟང་མགོ་གྲངས་1000ལྷག་ཙམ་སྤེལ་བ། འབྲི་གཅིག་ནས་བེའུ་སྐྱེ་ཚད་12%མཐོ་རུ་སོང་བ། གྲང་བའི་ནམ་དུས་སུ་ཤ་ཤེད་ཆག་ཚད་50%ཡན་དམའ་རུ་སོང་ཡོད།

    མིག་སྔར། བོད་རང་སྐྱོང་ལྗོངས་ཡོངས་སུ་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ་ཁྲི་8.7ཟིན་པ་དང་། རིགས་ཁག་གི་ལག་རྩལ་མི་སྣ་དང་ཞིང་འབྲོག་པ་མི་ཐེངས་ཁྲི་65ལ་གསོ་སྦྱོང་བྱས་པ། ཚན་རྩལ་ཆེད་མངགས་པ་ཁྲི་1ལྷག་ཙམ་བར་མང་དུ་སོང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།