[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • བོད་དུ་ཆེད་ལས་ལས་སྟེགས་བསྐྲུན་ནས་བོད་སྐད་རིག་ནུས་སྐད་གདངས་ཚན་རྩལ་ལ་སྐུལ་འདེད་བཏང་བས་རྒྱ་ཆེའི་མང་ཚོགས་ལ་ཕན་པ་ཐོབ་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-26

    ཚེས་24ཉིན། བོད་སྐད་རིག་ནུས་སྐད་གདངས་ལག་རྩལ་ཞིབ་སྤེལ་ཉེར་སྤྱོད་ཚོད་ལྟ་ཁང་བོད་ལྗོངས་ལྷ་སར་བཙུགས་པ་དང་། སླད་ཕྱིན་བོད་མི་རིགས་ཀྱི་ཡུལ་སྐད་འདྲ་མིན་འཇུག་རྒྱུ་རེད།

    ཚོད་ལྟ་ཁང་དེ་ནི་བོད་ལྗོངས་ཀའོ་ཁྲེ་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི(བོད་ལྗོངས་ཀའོ་ཁྲེ་ཞེས་བསྡུ་རྒྱུ)དང་། ཁོའོ་ཏ་ཞུན་ཧྥེ་མ་རྐང་ཚད་ཡོད་ཀུང་སི(ཁོའོ་ཏ་ཞུན་ཧྥེ་ཞེས་བསྡུ་རྒྱུ) བོད་ལྗོངས་སློབ་ཆེན་བཅས་ཀྱིས་མཉམ་དུ་བཙུགས་པ་རེད།

    བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་སྐོར་གཟིགས་པ་གཞོན་པ་བྱམས་པ་ཚེ་རིང་གིས། རྣམ་གྲངས་དེ་ནི་མི་ཐབས་རིག་ནུས་ལག་རྩལ་ཁྱབ་ཁོངས་ཀྱི་ཐོན་སློབ་ཞིབ་སྤྱོད་ལ་སྐུལ་གཏོང་དང་མཉམ་འདྲེས་གང་ལེགས་ཀྱིས་སྐུལ་འདེད་གཏོང་བའི་དཔེ་མཚོན་ཞིག་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཆ་དང་སྐད་གདངས་དེང་རབས་ཆ་འཕྲིན་ལག་རྩལ་དང་མཉམ་འདྲེས་འཕེལ་རྒྱས་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བའི་ཞིབ་སྤེལ་ལས་སྟེགས་གལ་ཆེན་ཞིག་རེད་ཅེས་བརྗོད་པ་རེད།

    བོད་སྐད་ཀྱི་འབྲེལ་ཡོད་རིག་ནུས་སྐད་གདངས་སྡེབ་སྒྲིག་དང་། སྐད་གདངས་དབྱེ་འབྱེད། བོད་རྒྱ་སྐད་གཉིས་ཕན་ཚུན་སྐད་སྒྱུར་བཅས་ལ་དམིགས་ནས་ཚན་པ་གསུམ་པོས་འབྲེལ་ཡོད་ཞིབ་སྤེལ་ལས་དོན་སྤེལ་བ་དང་། གྲུབ་འབྲས་དེ་གློག་ཀླད་ཀྱི་PCདུད་སྣེ་དང་ལག་ཐོགས་ཁ་པར་གྱི་APPརྣམ་པའི་ཐོག་ནས་མངོན་རྒྱུ་རེད། མིག་སྔར་ཚན་རྩལ་གཞན་སྒྱུར་གྲུབ་འབྲས་ཀའོ་ཁྲེའི“བོད་རྒྱ་སྐད་སྒྱུར”གྱི་ལག་ཐོགས་ཁ་པར་གྱི་APPཐོན་རྫས་སྤྱོད་འགོ་ཚུགས་པ་དང་། དབུས་གཙང་གི་ཡུལ་སྐད་གཙོ་བོར་བྱས་ཤིང་། རྗེས་སུ་ད་དུང་ཨ་མདོ་དང་ཁམས་པའི་ཡུལ་སྐད་ཁ་སྣོན་བྱ་རྒྱུ་ཡིན་པ་རེད།

    བོད་ལྗོངས་ཀའོ་ཁྲེ་ནི་བོད་ལྗོངས་གཞུང་ཕྱོགས་ནས་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་དང་འབྲེལ་སྐུལ་འདེད་བཏང་བ་ཞིག་རེད། “བོད་རྒྱ་སྐད་སྒྱུར”གྱི་གཉེར་སྐྱོང་མཁན་ཡིན་པའི་ངོས་ནས་ཀུང་སི་དེའི་འབྲེལ་ཡོད་འགན་ཁུར་བ་ལི་ཅུན་ཚུང་གིས། APPདེ་སྤྱོད་འགོ་ཚུགས་ནས་ཟླ་བ་གསུམ་སོང་ཚུན་བཤར་འབེབས་བྱེད་ཚད་ཁྲི་8ཟིན་པ་དང་། ཆབ་སྲིད་དང་། འགྲིམ་འགྲུལ། སྨན་བཅོས། རིག་གནས་སོགས་ཁྱབ་ཁོངས་ཀྱི་རྒྱུན་གཏན་འཚོ་བའི་སྐད་ཆ་རྨང་གཞིར་བྱས་ཏེ་བོད་རྒྱ་སྐད་གཉིས་ཕན་ཚུན་སྐད་སྒྱུར་ཐུབ་པ་དང་། གཞན་ཡང་ཡི་གེ་དབྱེ་འབྱེད་གནད་ལ་འཁེལ་ཚད་90%ཟིན་པ། སྐད་གདངས་དབྱེ་འབྱེད་ཡི་གེར་བསྒྱུར་རྒྱུར་གནད་ལ་འཁེལ་ཚད་70%ནས་80%ཙམ་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཁོའོ་ཏ་ཞུན་ཧྥེ་བོད་ལྗོངས་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དབྱང་ལིས། དེ་སྔོན་ང་ཚོ་དང་བོད་ལྗོངས་སློབ་ཆེན་དབར་མཉམ་ལས་ལོ་9ཙམ་བྱས་ནས་བོད་མི་རིགས་ཀྱི་སྐད་ཁོངས་གཙོ་བོའི་བོད་སྐད་ཀྱི་བརྗོད་བྱ་ཚིག་འབྲུའི་རྒྱུ་ཆ་ཁྲི་400ལྷག་ཙམ་གསོག་འཇོག་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “རྩིས་འཁོར་དང་བོད་ཡིག་ཆ་འཕྲིན་ལག་རྩལ་ནི་བོད་ལྗོངས་སློབ་ཆེན་གྱི་ལེགས་ལྡན་རིག་ཚན་ཞིག་ཡིན་པ་དང་བོད་སྐད་ཡིག་གི་རྩོམ་རིག་རིག་ཚན་དེའང་འཛམ་གླིང་གི་མདུན་གྲལ་ཆུ་ཚད་དུ་སླེབས་ཡོད”ཅེས་བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་པད་མ་ཚེ་རིང་གིས་བརྗོད་ཅིང་། ཁོང་གིས་ཕྱོགས་གསུམ་པོས་བོད་སྐད་སྐད་གདངས་དབྱེ་འབྱེད་དང་། མཉམ་འདྲེས། བོད་རྒྱ་སྐད་གཉིས་ཕན་ཚུན་སྒྱུར་བ་སོགས་ཁྱབ་ཁོངས་སུ་མཉམ་དུ་ཞིབ་སྤེལ་ལས་དོན་སྤེལ་བ་དང་། བོད་སྐད་ཀྱི་རིག་ནུས་སྐད་གདངས་ལག་རྩལ་དེ་བོད་ཀྱི་སྤྱི་པའི་བདེ་འཇགས་དང་། རིག་ནུས་སྨན་བཅོས། རིག་ནུས་ཡུལ་སྐོར། ཚོང་ལས་ཚོང་དོན། སྲིད་དོན་ཞབས་ཞུ། དབུལ་སྐྱོར་སོགས་ལས་རིགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་ཐུབ་ནས་བོད་ཀྱི་ཆ་འཕྲིན་ཅན་གྱིས་དམངས་ཚོགས་ལ་ཕན་འདོགས་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།