[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ཀྱིས་ནད་ཡམས་ཚབས་ཆེན་སྔོན་འགོག་ཚོད་འཛིན་བརྟན་པོ་བྱུང་བ།

    “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱིས་ཁྱོན་བོད་ཡོངས་ཀྱི་འགོས་ནད་འགོག་བཅོས་ཀྱི་ལས་དོན་ལ་མ་དངུལ་སྒོར་དུང་ཕྱུར་4ཙམ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་གོང་འོག་གིས་མི་རྩ་བར་འཛིན་པ་དང་། སྔོན་འགོག་གཙོ་བོ། འགོག་བཅོས་ཟུང་འབྲེལ་བཅས་ཀྱི་ལས་ཀའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་པ་དང་སྦྲགས་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། འཇོན་ཐང་ཆེ་རུ་བཏང་བ། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བརྒྱུད་ནས་སྲིད་གཞུང་གིས་སྣེ་ཁྲིད་དང་། སྡེ་ཚན་མང་པོའི་དབར་མཉམ་ལས། སྤྱི་ཚོགས་ཡོངས་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་རགས་ཙམ་ཆགས་པས་རང་ལྗོངས་ཀྱི་འགོས་ནད་འགོག་བཅོས་ཀྱི་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད།

    འགོས་ནད་འགོག་བཅོས་ཀྱི་མ་ལག་གཞི་རྩའི་ཆ་ནས་བཙུགས་པ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་ཕྱིན་པ། མིག་སྔར། ལྗོངས་ཡོངས་སུ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཁྱོན་82(འཕྲོད་བསྟེན་སྔོན་འགོག་ཞབས་ཞུ་ལྟེ་གནས་ཚུད)ཡོད་པར་འཕྲོད་བསྟེན་མི་སྣ་1210ཡོད། རིམ་ཁག་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ནས་རང་སྐྱོང་ལྗོངས་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་ལྟེ་བར་བྱེད་པའི་ཨེ་ཙེའི་ནད་དང་། ཆམ་རིམས། སིབ་བི་སོགས་ཆེད་ནད་ཚོད་ལྟ་ཁང་གི་དྲ་བ་བཙུགས་ཡོད།

    འགོས་ནད་འགོག་བཅོས་ལས་དོན་གྱི་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཞིང་། འགོས་ནད་འགོས་ཚུལ་ཡོངས་བསྒྲགས་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་རྒྱའི་ཐོག་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དང་། འགོས་ནད་འགོས་ཚུལ། སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཆ་འཕྲིན་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་ཆ་འཕྲིན་དུས་ཐོག་དང་། ཡོངས་བསྒྲགས། ཁ་གསལ་བཅས་ཡོང་བའི་འགན་ལེན་ཐུབ་ཡོད། དེ་དང་དུས་མཚུངས་འཕྲོད་བསྟེན་བདེ་ཐང་པུས་ཞིང་འབྲོག་དང་། སློབ་གསོ། བཟོ་ཚོང་། བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ཨུ་ལྷན། འགྲིམ་འགྲུལ་སོཌ་སྡེ་ཚན་དང་རིམས་ནད་ཆ་འཕྲིན་གྱི་བརྡ་ཁྱབ་ལམ་སྲོལ་བཙུགས་ཏེ་ཆ་འཕྲིན་མཉམ་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད།

    འགོས་ནད་འགོག་བཅོས་འགན་སྲུང་གི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། ནོར་སྲིད་ཀྱི་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་འགོས་ནད་འགོག་བཅོས་ཀྱི་གྲོན་དངུལ་གཏོང་ཚད་མང་དུ་བཏང་བ། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་དང་ས་གནས་ཀྱིས་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་ནད་ཡམས་ཚོད་འཛིན་ལྟེ་གནས་དང་། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལག་ལེན་བསྟར་བཞིན་ཡོད་པ་དང་འབྲེལ་ལས་གྲྭ་ཁག་གཅིག་ལེགས་གྲུབ་ཟིན་ཞིང་། གྲོང་ཁྱེར(ས་ཁུལ)ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་མཁྲེགས་ཆས་ཀྱི་ཆ་རྐྱེན་རྦད་དེ་ལེགས་སུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་4ཙམ་ལྗོངས་ཡོངས་ཀྱི་འགོས་ནད་འགོག་བཅོས་ཀྱི་ལས་དོན་ལ་བཏང་ཡོད།

    གཙོ་གནད་འགོས་ནད་འགོག་བཅོས་ལ་གྲུབ་འབྲས་གསར་པ་ཐོབ་པ་རེད། འདུས་འདྲིལ་གློ་གཅོང་དང་། མཆིན་ཚད། གྲུམ་ནད(རུས་ཚིགས་ནད)སྐྱོབ་བཅོས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་2018ལོའི་བླང་བྱ་གཞིར་བཟུང་། མིག་སྔའི་བར་ཁྱོན་མི་ཁྲི་195.6ཟུར་འཐེན་བྱས་ནས་ཞིབ་བཤེར་ཚད་ལེན་དང་། འགོག་བཅོས། ཐེ་ཇུས་བཅས་ཀྱི་ལས་དོན་ལེགས་གྲུབ་ཟིན་པ་དང་། ལས་དོན་ལེགས་གྲུབ་ཟིན་ཚད་129.0%ཟིན་པའི་ཁྲོད་གཙོ་གནད་མི་ཚོགས་ཁྲི་127.9ལ་འདུས་འདྲིལ་གློ་གཅོང་ནད་ཕོག་ཡོད་མེད་ཟུར་འཐེན་བྱས་ནས་འདུས་འདྲིལ་གློ་གཅོང་ཕོག་པའི་མི་1778ཡོད་པ་ཤེས་རྟོགས་ཐུབ་ཅིང་། ནད་གཞི་ཕོག་པའི་ཟུར་འཐེན་བྱེད་ཚད་ཁྲི་བཅུ་ཆ་139ཟིན་ཡོད། ནག་ཆུ་གྲོང་ཁྱེར་དུ་གྲུམ་ནད(རུས་ཚིགས་ནད)ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་ཡུལ་དངོས་ཀྱི་བརྟག་དཔྱད་ལས་དོན་བདེ་བླག་ངང་ལེགས་གྲུབ་ཟིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།