[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • མི་སེར་བདེ་ཐང་གི་སྨན་ཁུག

    ལྷོ་ཁ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་བསྡུས་རིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ལས་ཀའི་གཙོ་གནད་མི་དམངས་ཀྱི་བདེ་ཐང་ཐོག་བཞག་ནས་མི་དམངས་མང་ཚོགས་ལ་དེ་བས་ལེགས་པའི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་བྱས་པ་རེད།

    ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་བ།

    ཉེ་བའི་ལོ་ཤས་ནང་། ལྷོ་ཁ་གྲོང་ཁྱེར་གྱིས་མི་ཚང་མར་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བའི་དམིགས་ཚད་ལ་གཞིགས་ཏེ། ཁྱིམ་ཚང་སྨན་པ“མི་གཅིག་དང་གན་རྒྱ་འཇོག་པ་དང་། མི་གཅིག་གིས་འགན་འཁུར་བ། མི་གཅིག་གིས་སྒྲུབ་པ”བཅས་དང་གན་རྒྱ་འཇོག་དགོས་རིགས་མཐའ་དག་གན་རྒྱ་འཇོག་པའི་རྒྱུན་རྣམ་ཅན་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད་པ་རེད། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་དང་གན་རྒྱ་འཇོག་ཚད་71.3%ཟིན་པ་དང་གཙོ་གནད་མི་སྣ་དང་གན་རྒྱ་འཇོག་ཚད་91.7%ཟིན་པ། གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་གན་རྒྱ་འཇོག་ཚད་100%ཟིན་པ་བཅས་རེད།

    གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས《ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་འགན་ཁག་མགྱོགས་མྱུར་ལེགས་སྒྲུབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བ་རེད། ཟླ་6ཚེས་30ཉིན་བསྐྱར་ཞིབ་བྱས་རྗེས་ནད་ཕོག་མཁན་1428ཡོད་པ་དེའི་ནང་གཤགས་བཅོས་བྱེད་དགོས་རིགས་717ཡོད་པ་དང་དངོས་སུ་423ལ་གཤགས་བཅོས་བྱས་པ་དེ་དག་ཚང་མ་རང་མོས་ཡིན་པ་རེད།

    དེ་དང་ཆབས་ཅིག“གཉིས་གཅོག་གཅིག་སྤོར”གྱི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱི་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་གི་བུད་མེད་ཀྱི་ཐེམ་ཁུངས་གྲལ་བཤེར་དང་ཕྱོགས་མིའི་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་བུད་མེད་དོ་དམ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་བུད་མེད་ལྟ་འདོམས་ལས་དོན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པ་རེད། འདི་ལོའི་ཟླ་1པོ་ནས་ཟླ་5པའི་བར་ལྷོ་ཁ་གྲོང་ཁྱེར་གྱི་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་གྲངས་1569ཟིན་པ་དང་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་བུད་མེད་སྨན་ཁང་དུ་ཕྲུ་གུ་བཙའ་ཚད་99.75%ཟིན་ཡོད་པ་རེད།

    རྨང་གཞིའི་འཛུགས་སྐྲུན་དེ་བས་འཐུས་སྒོ་ཚང་དུ་སོང་བ།

    འདི་ལོ། ལྷོ་ཁ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་རྒྱལ་ཁབ་ཀྱི་མ་འཇོག་འཆར་གཞིའི་རྣམ་གྲངས་28ལ་ཁྱོན་སྒོར་དུང་ཕྱུར་5.85བཏང་བ་དང་། ཟླ་6པའི་ཟླ་མཇུག་བར་མ་འཇོག་སྒོར་ཁྲི་3220ལེགས་སྒྲུབ་ཟིན་ཡོད། དེའི་ནང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་གསོ་བ་རིག་པའི་རྒྱུན་འཛིན་གསར་གཏོད་ལས་གྲྭའི་རྣམ་གྲངས་དང་། མཚོ་སྣ་རྫོང་མ་བུ་བདེ་སྲུང་ས་ཚིགས། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་18བཅས་ཀྱི་སྒྱུར་བཀོད་དང་རྒྱས་སྐྲུན་རྣམ་གྲངས་སོགས་ད་ལྟ་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།

    དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་གི་སྤྱི་འབོར་མང་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་མཐོང་ཆེན་བྱས་ཤིང་། སྔ་རྗེས་སུ་མི་སྣ་སྒྲིག་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་རིམ་པའི་གསོ་སྦྱོང་འཛིན་གྲྭར་ཞུགས་པ་དང་ཆབས་ཅིག དྲ་ཐོག་གསོ་སྦྱོང་དང་གྲོང་ཁྱེར་ཡོངས་སུ་བུད་མེད་ཀྱི“སྐྲན་གཉིས”གྲལ་བཤེར་འགོག་བཅོས་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ཡོད། མིག་སྔའི་བར། ནད་ཐོག་སྨན་བཅོས་ཀྱི་སྨན་པ་དཀའ་བཅུ་པ་22དང་། དོ་དམ་པ་82 གྲོང་ཚོའི་འཕྲོད་བསྟེན་ཁང་གི་མི་གྲངས་230བཅས་ལ་གསོ་སྦྱོང་བྱས་པ་རེད།

    བདེ་ཐང་དབུལ་སྐྱོར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    ལྷོ་ཁ་གྲོང་ཁྱེར་གྱིས་བདེ་ཐང་དབུལ་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ལོ་སྟོད་དུ་གྲོང་ཁྱེར་དེས“ཁག་གཅིག་རེ་གསུམ”གྱི་དོ་དམ་དང་། མི་འབོར་དབུལ་པོའི་ཐ་སྐྱོང་འགན་སྲུང་། མཐར་ལུས་དུད་ཚང་གི་དབུལ་པོ་བསྐྱར་ལོག་གི་དོ་དམ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་འགྲོ་སོང་ཚད་བརྒལ། ཀྲུང་དབྱང་སྐོར་གཟིགས་ཀྱི་དག་ཐེར་ལས་འགན་སོགས་བདེ་ཐང་དབུལ་སྐྱོར་གྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ལྷག་པའི་དཀའ་གནད་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། རྨང་གཞི་བརྟན་པོ་བཏིང་བ་རེད། ཟླ་6ཚེས་24ཉིན་བར། ལྷོ་ཁ་གྲོང་ཁྱེར་གྱི“ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག”གི་དུད་ཚང་དབུལ་པོ་46གི་མི་གྲངས་114ལ་ཡིག་ཚགས་དང་གཱ་བཟོས་པ་དང་། ནད་ཆེན་ཕོག་པའི་མི་གྲངས་249ལ་སྨན་བཅོས་བྱས་པའི་ཁྲོད་མི་248དྲག་སྐྱེད་བྱུང་བ་དང་དྲག་སྐྱེས་བྱུང་ཚད་99.6%ཟིན་ཡོད། གཅོང་ནད་ཀྱི་ཞབས་ཞུའི་གན་རྒྱ་བཞག་པའི་མི་1945ཁྲོད་མི་གྲངས་1930ལ་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་བ་དང་དྲག་སྐྱེད་བྱུང་ཚད་99.2%ཟིན་ཡོད། ནད་ལྕི་ཕོག་པའི་ཐ་སྐྱོང་འགན་སྲུང་བྱེད་དགོས་པའི་མི་49ཁྲོད་མི་48ལ་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་བ་དང་དྲག་སྐྱེད་བྱུང་ཚད་98%ཟིན་ཡོད།

    དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་སྨན་བཅོས་སྒྲིག་གཞི་དང་རྫོང་དང་ཤང་གི་སྨན་བཅོས་སྒྲིག་གཞི་གཉིས་ཆ་སྒྲིག་རོགས་སྐྱོར་བྱེད་པའི་ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་སྨན་དོན་མི་སྣ་9སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་འཕྲོད་བསྟེན་ཁང་དང་གྲམ་མདའ་ཤང་འཕྲོད་བསྟེན་ཁང་དང་། གོང་དཀར་རྫོང་སྟོང་རྭ་ཤང་འཕྲོད་བསྟེན་ཁང་དུ་ཁ་གཏད་རོགས་སྐྱོར་བྱེད་པར་བཏང་བ་མ་ཟད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཡིག་ཆ་ཨང་116གི་དགོངས་དོན་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་གཞི་རྩའི་སྨན་བཅོས་རྩིས་ཞུའི་བསྡུར་ཚད་ཆ་སྙོམས་5%སྤོར་བའི་བླང་བྱར་ནན་པོ་གཞིགས་ནས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ“ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག”གཏན་ནས་མི་ཡོང་བར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།