[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ས་མཐོའི་སྐོར་སྐྱོད་སྨན་བཅོས་ལམ་བུར་བརྩེ་བས་ཁེངས།

    —— སྐམ་དམག་སྨན་ཁང་ཨང་དགུ་ལྔ་དྲུག་གིས་འོས་འགན་ནད་བརྟག་སྨན་བཅོས་བྱས་པའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-30

    ཉིན་ཤས་གོང་། སྐམ་དམག་སྨན་ཁང་ཨང་དགུ་ལྔ་དྲུག་གིས་ཚན་པ་མང་པོར་མཐུན་སྦྱོར་གྱིས་སྨན་བཅོས་རུ་ཁག་ཅིག་བཙུགས་ནས། ཉིང་ཁྲི་གྲོང་ཁྱེར་གྱི་ཐག་རིང་ལུང་ཁུག་གྲོང་ཚོར་བསྐྱོད་དེ་ནད་བརྟག་སྨན་བཅོས་དང་རིག་གནས་གཤམ་སྤེལ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་དམངས་ལ་དགའ་ཞེན་དང་དམངས་ལ་རོགས་སྐྱོར་བྱེད་པའི་བརྩེ་སེམས་མཚོན་པར་བྱས་པ་རེད།

    ཀོང་པོ་རྒྱ་མདའ་གྲོང་རྡལ་ལྷ་འགོ་འཕྲང་གྲོང་ཚོའི་ཡུལ་མི་གཡུ་སྒྲོན་ད་ལོར་ལོ་77ལ་སླེབས་པ་དང་། ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་ནད་ཕོག་ཡོད་པ་མ་ཟད། ཁྱིམ་དུ་རང་གི་གཅུང་མོ་གཅིག་པུ་ལས་མེད་པ་རེད། ལོ་གཉིས་ཀྱི་གོང་དུ། རྒན་མོ་གཡུ་སྒྲོན་གྱི་རྐང་པ་གཡོན་མར་གློ་བུར་དུ་རྨས་སྐྱོན་ཕོག་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་མ་ཐུབ་པས་ནད་ཚབས་ལྕི་རུ་སོང་ཞིང་། མུ་གེ་སྟེང་ལ་ཟླ་ལྷག་གི་དཔེ་ལྟར་ཁྱིམ་ཚང་དབུལ་པོ་དེར་དཀའ་ངལ་སྔར་བས་ཆེན་པོ་འཕྲད་པ་རེད།

    སྨན་བཅོས་རུ་ཁག་གིས་གནས་ཚུལ་དེ་ཤེས་མ་ཐག་འཕྲལ་དུ་གཡུ་སྒྲོན་གྱི་ཁྱིམ་དུ་བསྐྱོད་དེ་སྨན་བཅོས་བྱས་པ་རེད། ཕྱི་ནད་ཚན་ཁག་གི་སྨན་པ་ཏུང་ཧུང་གིས་ནད་པར་བརྟག་དཔྱད་ཞིབ་ཚགས་བྱས་པ་དང་ན་ལུགས་ན་སྟངས་ཞིབ་ཕྲ་དྲིས་རྗེས་རྨ་ཁར་དུག་སེལ་དང་རྨ་རས་དཀྲིས་ཤིང་། ཆུ་ཚོད་ཕྱེད་ཀ་ལྷག་ཙམ་རིང་རྨ་ཁར་སྨན་བཅོས་ལེགས་པོ་བྱས་པ་རེད།

    དམངས་ཀྱི་ཆེད་དུ་སྨན་བཅོས་ཞབས་འདེཌ་ཞུ་བར་རི་བོ་མཐོ་ལ་ལམ་ཐག་རིང་བར་མི་འཛེམས་ལ། སྲོག་སྐྱོབ་སྨན་བཅོས་བྱེད་པར་ལ་དུག་ཕོག་ནས་ངལ་དུབ་བྱུང་བར་ཡང་མི་འཛེམས། ལྷ་འགོ་འཕྲང་གྲོང་ཚོར་འོས་འགན་སྨན་བཅོས་བྱས་རྗེས། སྨན་བཅོས་རུ་ཁག་མུ་མཐུད་དུ་གྲོང་ཚོ་རྗེས་མ་འགྲངས་མ་གྲོང་ཚོར་བསྐྱོད་པ་རེད།

    སྨན་བཅོས་རུ་ཁག་ཡོང་བ་ཐོས་མ་ཐག ཡུལ་མི་ཚོས་འཕྲལ་དུ་ཕན་ཚུན་ལ་བཤད་པ་དང་། ཏོག་ཙམ་སོང་རྗེས་མི་སེར་ཚོ་གཅིག་མཇུག་གཉིས་མཐུད་ངང་ནད་བརྟག་སྨན་བཅོས་བྱེད་པར་ཡོང་བ་རེད། སྨན་བཅོས་བྱ་ཡུལ་དུ་ཡུལ་མི་ཚོས་གོ་རིམ་ལྡན་པའི་ངང་བང་བསྒྲིགས་པ་དང་། སྨན་པ་ཚོས་ངང་རྒྱུད་རིང་པོས་ཡུལ་མི་རེ་རེ་བཞིན་ནད་ལྟ་བ་དང་ན་ལུགས་ན་སྟངས་རྒྱུས་ལོན་བྱས་ནས་ཡུལ་མི་རྣམས་ལ་མཁོ་ཆེ་བའི་སྨན་བྱིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྐམ་དམག་སྨན་ཁང་ཨང་དགུ་ལྔ་དྲུག་གིས་མངགས་པའི་སྨན་བཅོས་རུ་ཁག་གིས་ད་དུང་དེ་བས་ཐག་རིང་ལུང་ཁུག་ཏུ་གནས་པའི་གྲོང་གསེབ་དང་འབྲོག་ཁུལ་དུ་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད་རྒྱུ་ཡིན་ཞིང་། གསར་འགོད་པས་གསར་འགྱུར་སྤེལ་བའི་མཚམས་འདིར། ཁོང་ཚོས་སྔར་བཞིན་སྐོར་སྐྱོད་སྨན་བཅོས་ཀྱི་ལམ་དུ་བསྐྱོད་དེ་མུ་མཐུད་མང་ཚོགས་ལ་ནད་གཞི་བརྟག་དཔྱད་དང་རིག་གནས་གཤམ་སྤེལ་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།