[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ས་ཁམས་གནས་ཚུལ།
  • སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-30

    20160801054500700.jpg

    དགོན་འདིའི་མཚན་རྒྱས་པར་རྒྱལ་སྡེ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་ཞེས་ཞུ་ཞིང་། བོད་རྒྱལ་བཞི་བཅུ་པ་ཁྲི་ལྡེ་སྲོང་བཙན་གྱིས་སྤྱི་ལོ་800ཡས་མས་སུ་བཞེངས། ལྷ་ཁང་འདིའི་མཚན་གྱི་འབྱུང་ཚུལ་ལ་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལས་འཛམ་གླིང་ལས་རྒྱལ་པོ་ཆེ། བོད་ཀྱི་རྒྱལ་པོ་ལ་ང་ཆེ་བས། ང་ལག་རིས་ལྷ་ཁང་ཉི་མ་ཙམ་ཞིག་རྩིག་གོ་ཞེས་བཀའ་བསྩལ་བས། སློབ་དཔོན་མཛད་མཁན་ཀུན་ལ་ཉི་མ་རྒྱ་ཇི་ཙམ་ཡོད་དྲིས་པས། ཉི་མ་ལ་དཔག་ཚད་ལྔ་བཅུ་ཡོད། བོད་ཀྱི་ས་ཆར་མི་ཤོང་གསུངས་པས། འོ་ན་ཟླ་བ་ཙམ་ཞིག་བྱེད་དོ་གསུངས་པས། བློན་པོ་རྣམས་ཀྱིས་ཟླ་བའི་རྒྱ་ཇི་ཙམ་ཞིག་བཞེངས་ན་གནས་དེར་བརྩིག་ཆོག་པ་འདུག་ཅེས་ཞུས་པས། རྒྱང་གྲགས་གཅིག་གི་རྨང་བཏིང་ནས་ཕོ་བྲང་དགུ་ཐོག་གསེར་ཟངས་ཀྱི་རྒྱ་ཕིབས་དང་ལྡན་པ་བཞེངས། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་ཞེས་པའི་མཚན་ཡང་དེ་ལྟར་ཐོགས། དེ་སྔ་གཙུག་ལག་ཁང་འདི་སྒོམ་གྲྭ། བཤད་གྲྭ། བསྒྱུར་གྲྭ་སོགས་ཡོད་སྐད། ལྷ་ཁང་གི་མཚམས་བཞིར་ཚེ་སྒྲུབ་བུམ་པ་དང་ནོར་རྒྱས་བུམ་པ། གཡུལ་རྒྱལ་བུམ་པ། སྒོ་བཞི་བུམ་པ་བཅས་མཆོད་རྟེན་ཆེན་པོ་བཞི་བཞེངས་པ་དང་། རྡོ་རིང་ཕྱི་ནང་གཉིས་བཞེངས་པ་ལས། རྡོ་རིང་ཕྱི་མའི་ཆག་དུམ་འགའ་ད་ལྟ་འང་མཇལ་རྒྱུ་ཡོད། ནང་མའི་ཏོག་ཞིག་ཡོད་པ་ནི་1992ལོར་རིག་དངོས་ཅུས་ཀྱིས་བདག་གཉེར་མཛད། དེ་གཉིས་ལས་རྡོ་རིང་ཕྱི་མ་ནི་སྤྱི་ལོ་800 815ལོའི་བར་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་སངས་རྒྱས་བསྟན་པར་སྲུང་སྐྱོབ་དར་སྤེལ་ཐུབ་ཕྱིར་བཞེངས་པ་ཡིན། མ་ཡིག་ཆ་ཚང་བ་《བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་བྱང་》ཞེས་པའི་དེབ་ཐེར་ནང་བསྡུས་ཡོད། ལྷ་ཁང་དེ་ཉིད་བཙན་པོ་འུ་དུམ་བཙན་གྱི་དུས་སུ་ཉམས་ཆག་སོང་ཟེར་བ་དང་། ལ་ལས་མེ་ཡི་འཛིགས་ཟེར། དགོན་འདི་རྒྱལ་མཆོག་ལྔ་པའི་སྐུ་དུས་ནས་སྤྱི་ལོ་1959ལོའི་བར་རྩེ་ཡིག་ཚང་ནས་བདག་འཛིན་མཛད་ནས་གཞུང་དགོན་དུ་གྱུར། རིག་གསར་སྐབས་དགོན་པར་གཏོར་སྐྱོན་བྱུང་རྗེས་1997ལོར་ཉམས་གསོ་བྱུང་ཞིང་རྟེན་གྱི་གཙོ་བོ་ཇོ་བོ་ཨ་ཚ་ང་ལེན་མ་དང་དུས་གསུམ་སངས་རྒྱས་སོགས་ཡོད། ད་ལྟ་ས་སྐྱའི་ལུགས་ཕྱག་བཞེས་གནང་བཞིན་ཡོད།།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།