[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ས་ཁམས་གནས་ཚུལ།
  • བོད་ལྗོངས་སྨར་ཁམས་ནས་སྤུར་རྒྱལ་དུས་ཀྱི་རྡོ་བརྐོས་རྙེད་པའི་གཏན་འཁེལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-11

    357228_yis_1484027134518.jpg

    འདི་ནི་གནའ་རྫས་རྟོག་ཞིབ་མཁན་གྱིས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྒར་ཐོག་གྲོང་རྡལ་སྤ་ར་གྲོང་ཚོར་ཡོད་པའི་རྡོ་བརྐོས་ལ་རྟོག་ཞིབ་བྱེད་བཞིན་པ། (2016ལོའི་ཟླ་7ཚེས་18ཉིན་པར་བླངས)

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཁོངས་ཀྱི་རིག་དངོས་ལ་ཡོངས་ཁྱབ་ཞིབ་བཤེར་དང་སྔོག་འདོན་ལས་དོན་སྤེལ་ནས་དུས་མཚམས་ཤིག་སོང་རྗེས། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རིག་དངོས་ཅུས་ཀྱི་འགན་འཁུར་བས་གནའ་རྫས་རྟོག་ཞིབ་མཁས་པས་ཉེ་དུས་སྨར་ཁམས་རྫོང་ཁོངས་སུ་སྤུར་རྒྱལ་དུས་ཀྱི་ཡིན་ངེས་པའི་རྡོ་བརྐོས་ཁག་8རྙེད་པའི་གཏན་འཁེལ་བྱས་པ་དང་། དེ་ནི་བོད་ཀྱི་ས་ཁོངས་ཁྱབ་ཁོངས་ནང་ཅུང་གཅིག་སྡུད་ཐུབ་པ་དང་མ་ལག་ཆགས་པའི་སྤུར་རྒྱལ་དུས་ཀྱི་ནང་བསྟན་གནའ་རྫས་རྟོག་ཞིབ་དང་སྒྱུ་རྩལ་གྱི་ཤུལ་བཞག་གཅིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཤེས་རྟོགས་ཐུབ་པའི་སྤུར་རྒྱལ་དུས་ཀྱི་རྡོ་བརྐོས་ཚང་མ་ནང་བསྟན་གྱི་བཟོ་བཀོད་ཡིན་པ་མ་ཟད། སྤུར་རྒྱལ་དུས་ཀྱི་བཙན་པོ་དང་མཐོ་རིམ་མི་སྣའི་དཔེ་མཚོན་གྱི་ཆ་ལུགས་ཤ་སྟག་ཡིན་པ་རེད།

    “དེ་ཐོག་ནས་སྨར་ཁམས་རྫོང་ཁོངས་ཀྱི་སྤུར་རྒྱལ་དུས་ཀྱི་རྡོ་བརྐོས་དེའི་གཏོགས་ཁོངས་ནི་སྤུར་དུས་ཀྱི་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་ནས་ཁྲི་ལྡེ་སྲོང་བཙན་བར་ཡིན་པ་དང་། དུས་རབས་བརྒྱད་པའི་དུས་དཀྱིལ་ནས་དུས་རབས་དགུ་པའི་དུས་འགོའི་བར་ཡིན་ལུགས་བརྡར་ཤ་གཅོད་ཐུབ”ཅེས་སི་ཁྲོན་ཞིང་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེ་མོ་བ་གཞོན་པ་ཀྲང་ཡན་ཆིང་གིས་བཤད།

    ད་ཐེངས་གཏན་འཁེལ་ཟིན་པའི་སྤུར་རྒྱལ་དུས་ཀྱི་རྡོ་བརྐོས་ཁག་8དེ་གཙོ་བོ་འཇང་རིགས་མི་རིགས་ཤང་དང་། སྤང་མདའ་ཤང་། སྒར་ཐོག་གྲོང་རྡལ་བཅས་སུ་གཅིག་སྡུད་གནས་ཡོད་པ་དང་། དེའི་ནང་བྲག་བརྐོས་སྐུ་འདྲའི་གཟུགས་བརྙན་དང་། བརྐོས་དཀྲོལ་ལངས་གཟུགས་མའི་སྐུ་བརྙན། བརྡ་རྙིང་བྲག་བརྐོས་ཡི་གེ མ་ཎི་རྡོ་བརྐོས་བཅས་རིགས་བཞི་ཚུད་ཡོད་པ་རེད།

    གནའ་རྫས་རྟོག་ཞིབ་མཁས་པས་ནང་བསྟན་སྒྱུ་རྩལ་ངོས་ནས་བརྗོད་ན། སྨར་ཁམས་རྫོང་ཁོངས་ཀྱི་སྤུར་རྒྱལ་དུས་ཀྱི་རྡོ་བརྐོས་སྣ་ཚོགས་ལས་སྤུར་རྒྱལ་ཤེས་རིག་ཁྲོད་ཤར་ནུབ་ཀྱི་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་ཉམས་འགྱུར་མངོན་པ་དང་། འོད་སྟོང་འཕྲོ་བའི་བོད་ཀྱི་གནའ་བོའི་འགྲིམ་འགྲུལ་ལམ་ཐིག་གི་དཔང་པོ་བྱེད་པའི་གནའ་ཤུལ་གལ་ཆེན་ཞིག་ཡིན་ལ། བོད་རིགས་དང་ཉེ་འཁོར་མི་རིགས་དབར་གནའ་སྔ་མོའི་དུས་ནས་དངོས་པོ་དང་རིག་གནས་སྤེལ་རེས་དང་ཆོས་ལུགས་ཁྱབ་སྤེལ་གྱི་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཡིན་པས་བོད་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་ཤེས་རྟོགས་གལ་ཆེན་ཞིག་རེད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།