[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ས་ཁམས་གནས་ཚུལ།
  • བསམ་གྲུབ་ཕོ་བྲང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-27


    微信图片_20190627172456.jpg

    གནས་ཡུལ། ལྷ་སའི་བར་སྐོར་ལྷོ་ངོས་སུ་ཆགས། 

    གོ་དོན། བསམ་དོན་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཞེས་པའི་དོན།

    འབྱུང་ཁུངས། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་ཡབ་ཆེན་བསོད་ནམས་དར་རྒྱས་ནི་འཇོན་ཐང་ཤིན་ཏུ་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་པས། 1729ལོར་ཆིང་རྒྱལ་རབས་གཡུང་ཀྲེང་གོང་མས་པེ་ཅིང་དུ་ཁོང་ལ་ཐུགས་འཕྲད་གནང་བ་མ་ཟད། གུང་གི་ཆོ་ལོ་དང་། ལྷོ་ཁའི་ཁུལ་ནས་སྒེར་གཞིས་ཆེན་པོ་ཞིག་གནང་བ་རེད། ཕྱིས་སུ་ཡབ་བསོད་ནམས་དར་རྒྱས་དང་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་དབར་འགན་ཟླ་ལངས་ནས་ཁོང་གིས་སྲིད་དོན་ལ་ཐེ་ཇུས་མི་ཆོག་པར་ལྷོ་ཁའི་སྒེར་གཞིས་སུ་བསྡད་རྒྱུ་བྱས། ཁོང་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་གཅུང་པོ་ཀུན་དགའ་བསྟན་འཛིན་གཉིས་ནས་ལྷོ་ཁའི་ཟངས་རི་ཁང་དམར་གྲོང་ཚོ་དང་ཉེ་བའི་སར་བསམ་གྲུབ་ཕོ་བྲང་ཞེས་པ་གསར་དུ་བསྐྲུན་པས་ལྷ་སའི་སྡོད་ཁང་ལའང་མིང་དེ་ལྟར་ཐོགས་པ་དང་ཡབ་གཞིས་ཀྱི་མཚན་དུའང་བསམ་གྲུབ་ཕོ་བྲང་ཞེས་ཆགས། 

    འཕེལ་འགྱུར། ཕོ་བྲང་དེའི་མཚན་བསམ་གྲུབ་ཕོ་བྲང་ཞེས་སྐུ་ཕྲེང་བདུན་པའི་སྐབས་ཐོགས་པ་ལས་ཁང་པ་དངོས་དེའི་གོང་ནས་ཡོད་པ་སྟེ། དུས་རབས་བཅུ་བདུན་པའི་ནང་གུ་ཤྲཱི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཁང་པ་དེའི་ནང་བཞུགས་ཀྱི་ཡོད། དུས་རབས་བཅོ་བརྒྱད་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་ཡབ་གཞིས་སུ་གྱུར། ཝང་འགྱུར་མེད་རྣམ་རྒྱལ་གྱི་ངོ་ལོག་དོན་རྐྱེན་ལྷགས་པའི་རྗེས་བསམ་གྲུབ་ཕོ་བྲང་ནང་བོད་སྡོད་ཨམ་བན་ཡང་བཞུགས་མྱོང་བ་སྟེ 《བཀའ་བློན་རྟོགས་བརྗོད》དུ“འདི་སྐབས་ཁོ་བོ་བྲོ་འཚལ་བས་ལས་དོན་གྱི་ཞབས་ཕྱིར་བཅར་མ་ཐུབ་པར་ཤག་ཏུ་འཕྲོད་བསྟེན་དུ་བསྡད་སྐབས་ཡིན་པར་མཇུག་ནད་གཞི་ལས་གྲོལ་མཚམས་སུ་ཨམ་བན་ནས་འབོད་མི་བྱུང་བཞིན་བསམ་གྲུབ་ཕོ་བྲང་དུ་བཅར”ཞེས་དང་། “དེ་རྗེས་སེ་འབྲས་དགེ་གསུམ་གྱི་བླ་མ་ལས་སྣེ་རྣམས་དང་། གུང་། བཀའ་བློན། མདའ་དཔོན། ཛ་སག་དྲུང་འཁོར་ལས་ཚན་པ་ཆེ་ཕྲ་ཚང་མ་བསམ་གྲུབ་ཁང་གསར་གྱི་ཚོམས་ཆེན་དུ་བསྡུས། གོང་མའི་ལུང་གིས་མངགས་པའི་མི་དྲག་ཙོང་ཐུ། ཚེ་གུང་ཡེ་ནས་སོགས་དཔོན་ཁག་ཐམས་ཅད་འཛོམས་ཐོག་བོད་ལྗོངས་ཀྱི་བྱ་བ་ལས་ཀྱི་འཁོར་ལོ་ཇི་ལྟར་བགྱི་བའི་ཚུལ་དོན་ཚན་བཅུ་གསུམ་དུ་བསྡུས་པའི་རྩ་ཚིག་དང་དེའི་དོན་རེ་རེ་བཞིན་དུ་ཙོང་ཐུ་ཚེ་གུང་ཡེ་ནས་རྒྱས་བཤད་དང་བཅས་ལེགས་པར་འདོམས”ཞེས་འཁོད་པ་ལྟར་ན། གོར་ཥའི་དམག་བོད་ནས་མཐར་བསྐྲད་རྗེས་ལོ་རྒྱུས་ཀྱི་དོན་སྙིང་ཆེ་བའི《བོད་ཀྱི་ལས་དོན་སྐོར་གྱི་དོན་ཚན་བཅུ་གསུམ》ཞེས་པ་དེ་བསམ་གྲུབ་ཕོ་བྲང་ནང་ཁྱབ་བསྒྲགས་བྱས་པ་ཡིན་འདུག ཡབ་གཞིས་བསམ་ཕོའི་ཁྱིམ་རྒྱུད་ནས་སྤྱི་ལོ་1956ལོ་བར་བསམ་གྲུབ་ཕོ་བྲང་དུ་བསྡད་པ་དང་དེ་རྗེས་རྡོ་ཧྲོག་གླིང་ཁའི་ནང་ཁང་པ་གསར་པ་བརྒྱབ་ནས། དེ་སྔའི་བསམ་གྲུབ་ཕོ་བྲང་དེ་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཚོང་དོན་ཅུས་ཀྱི་གཞུང་ལས་ཁང་དུ་གྱུར། ཕྱིས་སུ་ལྷ་སའི་བར་སྐོར་དོན་གཅོད་ཁང་གི་གཞུང་ལས་སྒྲུབ་ཁང་བྱས་པ་དང་། བར་སྐོར་དོན་གཅོད་ཁང་ཉེ་འགྲམ་དུ་བརྒྱབ་རྗེས་གཙོ་བོ་ཡུལ་མིའི་སྡོད་ཁང་དང་ཚོང་ཁང་དུ་གྱུར། སྤྱི་ལོ་1998ལོར་ལྷ་ས་གྲོང་ཁྱེར་གྱི་ཐེངས་དང་པོའི་སྲུང་སྐྱོབ་སྒོ་རའི་གྲས་སུ་ཚུད་པ་དང་། 2011ལོ་ནས་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་པའི་ལས་གྲྭ་ཚུགས་ནས་མིག་སྔར་གནའ་བོའི་འགྱིང་ཉམས་སླར་ཡང་མངོན་ཐུབ་པ་བྱུང་ཡོད། (གྲོང་ཁྱེར་ལྷ་སའི་ས་མིང་ལོ་རྒྱུས་མདོར་བསྡུས་ལས་དྲངས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།