[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་བྱུང་རིམ།
  • ལོ་གསར་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ སྙེ་གཞུང་ནོར་བཟང་།    |    སྤེལ་དུས།   2017-02-22

    རི་མཐོ་ས་གཙང་གངས་རིའི་ལྗོངས་སུ་འཚོ་ཞིང་གནས་པའི་རང་ཅག་བོད་མི་རིགས་ནི། དཀའ་སྤྱད་མཐའ་དག་གདོང་ལེན་བྱེད་ཕོད་པའི་མི་རིགས་ཤིག་ཡིན་པ་མ་ཟད། དགའ་སྤྲོའི་དུས་ཆེན་ལ་སྣང་ཆེན་དང་། རོལ་མྱོང་བྱེད་མཁས་པའི་མི་རིགས་ཤིག་རེད། བོད་ཀྱི་ཡུལ་སྲོལ་དུས་ཆེན་ཁག་གི་ཁྲོད་ནས་ནང་དོན་གྲ་རྒྱས་ཤོས་དང་། ཁྱབ་རྒྱ་ཆེ་ཤོས་སུ་གྱུར་བའི་ལོ་གསར་ལ་ཆ་བཞག་ན། དེ་ནི་མི་ཚོས་སོང་ཟིན་པའི་ལོ་གཅིག་གི་ནང་དུ། རང་གིས་དཀའ་སྤྱད་འབད་བརྩོན་བྱས་པར་ཐོབ་པའི་འབྲས་བུ་སྤྲོ་མྱོང་བྱེད་པའི་དུས་ཆེན་ཞིག་དང་། ལོ་གསར་པའི་དཔྱིད་འདེབས་ཀྱི་སེམས་ཤུགས་དང་། ཕུགས་རེ། ཡིད་ཆེས་བཅས་མཚོན་པའི་དུས་ཆེན་ཞིག་ཀྱང་རེད། ལོ་གསར་དུས་ཆེན་ཁྲོད་དུ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བཟའ་འཐུང་དང་། རྒྱན་གོས། ལྷ་གསོལ། རོལ་རྩེད། རིག་རྩལ་སོགས་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་མཉམ་དུ་འདུས་ཡོད་སྟབས། མི་ཚོས་ལོ་གཅིག་དུས་གཅིག་གི་དུས་ཆེན་འདི་ཉིད་ལ་དུས་སྟོན་ནང་གི་རྒྱལ་པོ་ཞེས་བསྔགས་བརྗོད་བྱེད། སྤྱི་ལོ་༢༠༡༠ལོར། བོད་ཀྱི་ལོ་གསར་གྱི་དཔེ་མཚོན་ལྟ་བུར་གྱུར་བའི་ལྷ་སའི་ལོ་གསར་འདི་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རྣམ་གྲངས་མིང་གཞུང་དུ་ཚུད་དེ་སྲུང་སྐྱོབ་དང་རྒྱུན་འཛིན་ཐོབ་ཡོད།  

    བོད་རིགས་ནི་རང་རྒྱལ་མི་རིགས་ཁག་གི་ཁྲོད་ནས་ལོ་གསར་དགའ་གཏོང་གི་གནས་ལ་རོལ་སྔ་བའི་མི་རིགས་ཤིག་རེད། ཡོངས་ཁྱབ་ཀྱི་བཤད་སྲོལ་ལྟར་ན། བོད་ཀྱི་ལོ་གསར་ཐོག་མར་གཏོང་སྲོལ་དེ། བོད་རྒྱལ་སྤུ་དེ་གུང་རྒྱལ་གྱི་སྐབས་སུ་འབྱུང་བ་དང་། ད་ཕན་ལོ་ཉིས་སྟོང་ཙམ་གྱི་ལོ་རྒྱུས་ལྡན། དེའང་སྔ་དུས་སུ། རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་སྟེ། ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་། རྒྱུ་དཀར་གྱི་འཁོར་བགྲོད་ལ་བརྟེན་ནས་ལོ་འཁོར་མཚམས་ཀྱི་དུས་བརྟག་སྟེ། ལྷོ་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་ཤར་བ་དང་། དཔྱིད་ཀྱི་དུས་ཆེན་གཏོང་བ། སྐབས་དེར་སྐྱེས་པ་རྣམས་ཕོ་རྩལ་འགྲན་པ་དང་། བུད་མེད་རྣམས་ཀྱིས་གླུ་ལེན། གར་འཁྲབ་ནས་དུས་ཆེན་དགའ་གཏོང་བྱེད་པ། བཙན་པོ་སྤུ་དེ་གུང་རྒྱལ་གྱིས་གཙོས་པའི་བློན་འབངས་ཚོས་ཉེ་འཁོར་གྱི་གནས་རི་སྐོར་སྲོལ་ཡོད་པ། བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྒྱ་བཟའ་ཀོང་ཇོའི་རྒྱ་རྩིས་རྙིང་མའི་ལུགས་ལ་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ལ་ལོ་འགོ་འཛིན་པ་དང་།  དེ་རྗེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལོ་གསར་འགོ་འཛིན་ཏེ། སོ་ནམ་ལོ་གསར་གཏོང་སྲོལ་དར་བ། སྤྱི་ལོའི་དུས་རབས་བཅུ་གསུམ་ནང་ས་སྐྱས་བོད་ལ་དབང་སྒྱུར་བྱེད་པའི་དུས་སུ། བོད་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་གསར་གྱི་འགོ་ཚུགས་གཏན་འཁེལ་བྱས་ཏེ། རྒྱལ་པོ་ལོ་གསར་ཞེས་པ་དེ་གཏོང་སྲོལ་བྱུང་། དེང་ཡང་ཀོང་པོའི་ཁུལ་དུ་བོད་ཟླ་བཅུ་པའི་ཚེས་གཅིག་ནས་ལོ་གསར་གཏོང་བ། སྙེ་མོའི་སྙན་ཡུལ་དང་བོང་ཁང་ཁུལ་དུ་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བཟུང་ལོ་གསར་གཏོང་བ། གཙང་གི་གཞིས་རྩེ་དང་། དབུས་གཙང་འདྲེས་མཚམས་སྙེ་མོའི་རྫོང་ཉེ་ཁུལ་དུ་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་ལོ་གསར་གཏོང་བ། དབུས་ཁུལ་དུ་བོད་ཟླ་དང་པོའི་ཚེས་གཅིག་ནས་རྒྱལ་པོ་ལོ་གསར་གཏོང་བ། སྤྱིར་བོད་ཀྱི་ས་ཆ་མང་ཆེ་བར་ལྷ་སའི་ཁུལ་དང་མཉམ་དུ་རྒྱལ་པོ་ལོ་གསར་གཏོང་བ་ཡིན། དེའང་ཡུལ་ལུང་ཁག་གི་ལོ་གསར་གྱི་གཙོ་བོའི་ནང་དོན་སྤྱིར་བཏང་གཅིག་མཚུངས་ཡིན་ནའང། ཡུལ་ལུང་སོ་སོའི་གནམ་གཤིས། སོ་ནམ་འདེབས་ལས། དེ་མིན་ཁྲལ་འཁྲིའི་ལས་ཀ་གཞན་དང་ཐད་ཀའི་འབྲེལ་བ་ཆགས་པའི་དབང་གིས་ལོ་འགོ་འཛིན་པའི་དུས་ཚོད་ཀྱི་བདམ་ག་མི་འདྲ་བ་བྱུང་ཡོད། ཡིན་ནའང་། ལྷ་སའི་ལོ་གསར་གཏོང་སྲོལ་ནི། ཁྱབ་རྒྱ་ཆེ་ཤོས་དང་། གཅིག་གྱུར་ཆེ་ཤོས་དེ་ཡིན་ལ། བོད་ཀྱི་ལོ་གསར་ཁག་ནང་གི་དཔེ་མཚོན་ཡིན་ཞེས་བརྗོད་ན་མ་འགྲིག་པ་མེད་སྙམ།།

    ལྷ་སའི་ལོ་གསར་གཏོང་བར། གཙོ་བོའི་བརྒྱུད་རིམ་ལྔ་ཚང་དགོས་པ་ནི། ལོ་གསར་གོང་གི་གྲ་སྒྲིག་དང་། དགུ་ཐུག གནམ་གང་ཉིན་གྱི་བཀྲ་ཤིས་སྒྲིག་གཤོམས། དངོས་སུ་ལོ་གསར་དགའ་གཏོང་བྱེད་པ། བཀྲ་ཤིས་གཅོད་པ་བཅས་ཡིན།།

    དང་པོ། ལོ་གསར་གྱི་གྲ་སྒྲིག་བྱེད་པ། དེའང་འདས་ལ་ཉེ་བའི་ལོ་མཇུག་གི་ཟླ་བ་བཅུ་གཉིས་པའི་ཟླ་སྟོད་ནས་འགོ་བཙུགས་ཏེ། མི་རྣམས་ཀྱིས་རང་གི་འཚོ་བའི་འཁོས་གཞིར་གཞིགས་ཏེ། ཤ་མར་འབྲུ་སྣུམ་དང་། གཟབ་སྤྲོས་གྱོན་ཆས། སྡེར་ཁའི་ཁ་ཟས། ལུག་མགོ  ལོ་ཕུད། ཕྱེ་མར། རྩེ་སྒྲོ  ལོ་གསར་མེ་ཏོག  ཁང་པའི་དར་ལྕོག་དང་། དར་ཤིང་། དར་རས། མ་བུ། སྒོ་ཡོལ་སོགས་ཉོ་སྒྲུབ་བྱེད་པ། ཆང་བཙོ་བ་དང་། སྦོ་ལུག་དང་ཁུར་བ་སོགས་ཁ་ཟས་སྣ་ཚོགས་བཟོ་བ།  དགུ་རྫས་ཉོ་བ་། དུ་ཚེས་ལ་གཞིགས་ནས་ཁྱིམ་གྱི་ཐབ་ཚང་གཙོས་པའི་ཁང་པའི་ནང་དུ་འཕྱག་བྱེད་པ། ཁང་པའི་དུ་དྲེག་དང་། ཐལ་བ་གཙང་མར་ཕྱག་པ། ཁང་པའི་ཁུག་ཁུག་གསེང་གསེང་གི་གད་སྙིགས་བཏོན་ཏེ། ཕྱི་ལ་དོར་དགོས་པ་སོགས་ལོ་གསར་གྱི་ཉེར་མཁོའི་ཟས་རིགས་དང་། ཅ་དངོས་གྲ་སྒྲིག  གཙང་སྦྲ་འཕྲོད་བསྟེན་ལས་ཀ་ཆ་ཚང་ཚར་བ་བྱེད།

    གཉིས་པ། དགུ་ཐུག་འཐུང་བ། བོད་ཟླ་༡༢པའི་ཚེས་༢༩དགོང་མོ། དགུ་ཐུག་འཐུང་བ་དང་། ཁྱིམ་མི་ཚང་མས་སྤགས་གོང་ཆུང་ངུ་རེ་བཟོས་ཏེ། དེས་རང་གི་གཟུགས་པོའི་མགོ་ནས་མཇུག་བར་འཕུར་གྱིན་ལུས་ལ་ན་ཚ་མེད་པ་ཤོག། གེགས་དང་བར་ཆད་ཚང་མ་འཁྱེར་བ་ཤོག་ཅེས་ཟེར་ནས། སྤགས་རིལ་དེ་དགུ་གླུད་བླུགས་པའི་རྫ་ཁོག་ཆག་རོའི་ནང་མཐུ་ལུད་བཏབ་ནས་གཡུག་དགོས་པ། བག་ཐུག་ནང་གྲོ་མ། ལ་ཕུག། སྲན་མ་གཙོས་པའི་ཟས་སྣ་དགུ་འཛོམས་དགོས་པའི་ཐོག་ཏུ་བག་ཐུག་ཆེ་བ་ཁག་གཅིག་གི་ནང་། དཀར་ཡོལ། སོལ་བ་དང་། སུར་པན། ཚྭ། བལ། ཤོག་བུ་བསྒྲིལ་ནས་ནང་མི་སུ་ཞིག་ལ་གང་ཞིག་འཁེད་མིན་བལྟ་བ། དེའང་དཀར་ཡོལ་ནི་ལས་ཀར་ཧུར་བརྩོན་དེ་ཙམ་མེད་མཁན་དང་། སོལ་བ་ཐོབ་མཁན་དེ་སེམས་པ་ངན་པར་བརྩི་བ། བལ་ནི་སེམས་བཟང་གཤིས་འཇམ་དང་། སུར་པན་ནི་ཁ་ཚ་པོ་ཡོད་པ། ཤོག་བུ་ནི་ཤེས་བྱ་ཡོན་ཏན་མཚོན་པ་ལྟ་བུ་འགྲེལ་བཤད་བརྒྱབ་ནས་ཕན་ཚུན་བགད་མོ་སློང་གི་ཡོད། དེ་ནས་མི་རྣམས་ཀྱིས་དགུ་ཐུག་ཕོར་བ་དགུ་རེ་འཐུང་དགོས་པ། གལ་ཏེ་ཕོར་དགུ་འཐུང་མ་ཐུབ་ཚེ། ཁུ་བ་ཐིག་པ་རེས་ཕོར་པ་རེའི་ཚབ་བྱེད་པ། དེ་རྗེས་དགུ་གླུད་བླུགས་སྣོད་རྫ་ཁོག་ཆག་རོ་ཞིག་གི་ནང་ཕོར་པའི་ནང་གི་ཐུག་ལྷག་བླུག་ཐོག་དེའི་ཁར་སྦང་མ་དང་། ཇ་རོ་བླུགས་དགོས་པ། དེ་ནས་རྫ་ཁོག་ཆག་རོ་དེ་བུ་མོ་ཞིག་གིས་འཁྱེར་དགོས་པ་དང་། ཁྱིམ་གྱི་བུ་ཞིག་གིས་སོག་མ་ཆག་པ་ཞིག་ལ་མེ་སྤར་ཏེ། ཁང་པ་སོ་སོའི་ནང་མེ་ཡུལ་བརྒྱབ་ནས་མར་དོན་ཤོག་མར་དོན་ཤོག་ཞེས་གདོན་འདྲེ་ཕྱིར་འབུད་པའི་ངར་སྐད་རྒྱག་བཞིན་ཁྱིམ་ཚང་ཉེ་འཁོར་གྱི་ལམ་མདོ་ཞིག་ཏུ། སོག་མ་འཚིག་རོ་དང་། བུ་མོའི་ལག་གི་རྫ་ཁོག་ཆག་རོ་དེ་དང་མཉམ་དུ་གཡུག་དགོས།

    གསུམ་པ། གནམ་གང་གི་བཀྲ་ཤིས་སྒྲིག་ཤོམ་བྱེད་པ་སྟེ། བོད་ཟླ་བཅུ་གཉིས་པའི་ཚེས་༣༠ཉིན་མོ། ལོ་གསར་གྱི་མཆོད་རྫས་གཙོ་ཆེ་བ་གྲོ་སོ་ཕྱེ་མར་དང་། སྡེར་ཁ་སྒྲིག་དགོས་པ་དང་། སྡེར་ཁ་སྒྲིག་དུས་བོང་བུའི་ཨམ་ཅོག་དང་། ཉ་ཤག་སྨུག་ཐུང་། སྦོ་ལུག། པི་ཏོག་བཅས་བཟོ་ལྟ་མི་འདྲ་བའི་ཁ་ཟས་ཚང་དགོས་པ་གང་ཞིག་སྔོན་ལ་བོང་བུའི་ཨམ་ཅོག་བརྩེག་དགོས་པ་དང་། དེའི་སྟེང་དུ་ཉ་ཤག་དང་སྨུག་ཐུང་བརྩེགས་དགོས་པ། དེའི་སྟེང་དུ་སྦོ་ལུག་དང་། དེའི་སྟེང་པིང་ཏོག་འཇོག་དགོས་པ། དེ་ནས་སྡེར་ཁའི་ཐོག་རྟ་ཕྱུར་ཕྲེང་ཤལ་བསྐོན་དགོས་པ་མ་ཟད། དེང་ཁ་ཟས་ཀྱི་བར་གསེང་དུ་བྱི་རིལ་སྣ་ཚོགས་འཇོག་སྲོལ་ཡོད། བཤད་སྲོལ་ལ་སྡེར་ཁའི་ནང་བརྩེགས་པའི་བོང་བུའི་ཨམ་ཅོག་དང་ཉ་ཤག། སྨུག་ཐུང་དང་སྦོ་ལུག་བཅས་སོ་སོས་ལུག་གི་རྐང་ཐུང་དང་ལུག་གི་རྩིབ་མ། ལུག་གི་རྒྱུ་ནག་ལུག་གི་རྒྱུ་དཀར་བཅས་མཚོན་གྱི་ཡོད། དེ་བཞིན་ལུག་མགོ་དང་ལོ་ཕུད་། ཆང་ཕུད། གྲོ་མ་འབྲས་སིལ། ཇ། མར། ཚྭ། ཞལ་ཟས། ཤིང་འབྲས། ཐུད་སོགས་སྔོན་ཚུད་ནས་གྲ་སྒྲིག་བྱས་ཟིན་པའི་ཟས་ཕུད་སྡེར་ཁ་དང་མཉམ་དུ་མཆོད་གཤོམ་མདུན་དུ་གང་རྒྱས་སྒྲིག་གཤོམ་བྱེད། ཐབ་ཚང་གི་རྩིག་ལྡེབས་སུ་གྲོ་ཕྱེའི་དཀར་ཐིག་གི་ཡས་སྒྲོན་བརྒྱན་དགོས་པ་དང་། སྡིག་པ་རྭ་ཙ་འབྲི་བ། ཆུ་ཟངས་དང་ཆུ་བན། རྫ་མ་སོགས་བཅུད་ཀྱིས་གཏམས་པའི་སྣོད་ལ་ཁ་བཏགས་དཀྲི་བ། ཁང་པའི་སྦུག་གི་ཀ་བ་དང་། གདུང་མར་ཡར་གཟེད་སྒྲོན་པ། སྒོ་སྒེའུ་ཁུང་གི་ཤམ་བུ་དང་སྒོ་ཡོལ་གསར་དུ་བརྗེ་བ། ཁ་གདན་གསར་པ་བརྗེ་བ། རྒྱལ་སྒོའི་མདུན་དུ་དཀར་ཐིག་འཐེན་པ་དང་མི་འགྱུར་རྟག་བརྟན་གྱི་མཚོན་དོན་གཡུང་དྲུང་འབྲི་བ་སོགས་བྱེད།

    བཞི་པ། དངོས་སུ་ལོ་གསར་དགའ་གཏོང་བྱེད་པ་སྟེ། དང་ཐོག་ལོ་གསར་ཚེས་གཅིག་གི་ཞོགས་པའི་ཆུ་ཕུད་ནི་ཧ་ཅང་བྱིན་རླབས་ཆེ་བར་བརྩི་བ་དང་། ཞོགས་པ་དེའི་ཆུའི་ནང་གསེར་ཉ་ཡོད་ཅེས་ཟེར་སྲོལ་ཡོད་པ་བཞིན། ཁྱིམ་གྱི་ཆུ་མས་ཞོགས་པ་སྔ་པོ་མལ་ལས་ལངས་ཏེ་ཆུ་ཕུད་ཨང་དང་པོ་དེ་ཐོབ་རྒྱུའི་བརྩོན་ལེན་བྱེད། དེའང་ཁྱིམ་ཚང་གི་ཆུ་མས་གཟབ་མཆོར་གང་ལེགས་སྤྲས་ཏེ། ཆུའི་ཁར་བསང་གཏོང་བ་དང་། ཁ་བཏགས་སྒྲོན་པ། ཕྱེ་མར་ཆང་ཕུད་བསྟོར་བ། ཁ་ཟས་འབུལ་བ་བཅས་ཆུ་ལྷ་གསོལ་བ་དང་ཆུ་ཕུད་ལེན་གྱི་ཡོད། དེང་དུས་གྲོང་ཁྱེར་ནང་རྒྱུག་ཆུ་དཀོན་པོ་ཡོད་ནའང་ཆུ་ཀ་ལའི་མདུན་དུ་ཆུ་ཕུད་ལེན་པའི་བྱེད་སྒོ་སྤེལ་སྲོལ་ཡོད། ཆུ་ཕུད་ལེན་པའི་དུས་ཚོད་ཐད་ལའང་བཤད་ཚུལ་མི་འདྲ་བ་ཡོད་དེ། འགའ་རེས་བྱ་སྐད་ཐེངས་དང་པོ་རྒྱག་དུས་ཆུ་ཕུད་ལེན་ཐུབ་ཚེ། རྟེན་འབྲེལ་བཟང་བར་བརྩི་བ་དང་། ཡང་འགའ་རེས་ཞོགས་པའི་ཉི་ཟེར་རི་རྩེར་ཤར་དུས་ཆུ་ཕུད་ལེན་ཐུབ་ན། རྟེན་འབྲེལ་བཟང་བར་བརྗོད་པ་ཡིན། དེ་བཞིན་ཞོགས་པ་དེར་ཁྱིམ་གྱི་སྒོ་ཁར་འབྲས་དཀར་སླེབས་ཚེ་འབྲས་དཀར་ལ་རྔན་པ་གྱ་ནོམ་པ་བསྟེར་དགོས། དེ་ནས་ནང་མི་རྒན་གཞོན་རྣམས་བཞུགས་གྲལ་ལ་རིམ་པ་བཞིན་འཁོད་རྗེས་གྲོ་སོ་ཕྱེ་མར་དང་། གྲོ་མ་འབྲས་སིལ། ཆང་ཕུད་སོགས་རིམ་པས་ཕུད་གཏོར་བྱེད་པ། དེ་ནས་གྲོ་ཐུག་དང་ཆང་སྐོལ་སོགས་ལོ་གསར་གྱི་དམིགས་བསལ་བཟའ་བཏུང་ལ་རོལ་བ། དེ་ནས་ཇོ་ཁང་ལ་ཆོས་མཇལ་ལ་འགྲོ་བ་དང་། གྲོང་པ་ཕན་ཚུན་ཕྱེ་མར་རྒྱུག་རེས་ཀྱི་རྟེན་འབྲེལ་ཞུ་སྲོལ་ཡོད། དེའི་ཉིན་རང་ཁྱིམ་དུ་བཟའ་འཐུང་རྒྱས་པོ་བྱས་ཏེ། སྡོད་པ་ལས་ཕན་ཚུན་མགྲོན་འབོད་བྱེད་སྲོལ་མེད། ཚེས་པ་གཉིས་ནས་བཟུང་གཉེན་ཉེ་མཛའ་གྲོགས་དང་། དགའ་ཉེ་བློ་དཀར། གྲོང་པ་ཕན་ཚུན་མགྲོན་འབོད་ཐུགས་སྤྲོ་གཏོང་བ། དེའི་རིང་མི་རྣམས་གླུ་ལེན་གར་འཁྲབ་བྱེད་པ།ཐག་འཐེན་འགྲན་བསྡུར་སྤེལ་བ། ཨ་ཅུག་རྒྱག་པ། ཤོ་རྩེད་རྩེ་བ་སོགས་དམངས་སྲོལ་རིག་རྩལ་བྱེད་སྒོ་སྣ་མང་ལ་རོལ་བ་དང་། སྤྱིར་ཚེས་པ་གསུམ་ཉིན་ཐོག་གསོལ་དང་རི་གསོལ་གཏོང་བའི་བྱེད་སྒོ་སྤེལ་བ། ཁང་པའི་ཐོག་ཁ་དང་། རི་མགོར་མཚོན་སྣ་ལྔའི་དར་ལྕོག་འཛུགས་ཤིང་། ཀི་བསྭོའི་སྒྲ་དང་ལྷན་དུ་ལྷ་གསོལ་གཟབ་རྒྱས་གཏོང་བ། བསང་མཆོད་ཀྱི་དུད་སྤྲིན་གྱིས་ནམ་མཁའི་ཁྱོན་བཀང་བར་བྱེད།

    ལྔ་པ། བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོ། ལོ་གསར་གྱི་བཀྲ་ཤིས་གཅོད་པའི་སྒོར་གཞས་འཁྲབ་པ་དང་། ཁྱིམ་གྱི་གྲོ་སོ་ཕྱེ་མར་དང་། ཁ་ཟས་སྡེར་ཁ། ལུག་མགོ། ལོ་ཕུད་སོགས་མཆོད་གཤོམ་མདུན་གྱི་སྒྲིག་གཤོམ་བསྡུ་གསོག་བྱེད་ཅིང་ལོ་གསར་རེ་ཞིག་རྫོགས་ཤད་འཐེན་པ་ཡིན།  

    མདོར་ན། བོད་ཀྱི་ལོ་གསར་ནི་ལོ་རྒྱུས་ཀྱི་ཕུ་ཐག་ཧ་ཅང་རིང་ཞིང་། རིག་གནས་གཅིག་སྡུད་ཆེ་བའི་དམངས་སྲོལ་ཕུལ་བྱུང་ཞིག་ཡིན་པ། དེ་ནི་རང་ཅག་མེས་པོ་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་བརྒྱུད་རིམ་ནང་གསར་གཏོད་བྱས་པ་ཞིག་རེད། དེས་ན། ལོ་གསར་དགའ་གཏོང་བྱེད་པ་ནི། མེས་པོའི་བློ་རིག་གོང་དུ་སྤེལ་བ་དང་། དམངས་སྲོལ་རིག་གནས་མི་མུས་བཞིན་རྒྱུན་འཛིན་བྱེད་པ་རང་ཡིན། དེས་སྲོལ་བཟང་རིག་གནས་མི་ཉམས་གོང་དུ་སྤེལ་བར་གལ་ཆེའི་ནུས་པ་ལྡན་པ་མ་ཟད། དེ་ནི་བོད་ཀྱི་དམངས་སྲོལ་རིག་གནས་ལ་ཞིབ་འཇུག་བྱེད་པར་མཁོ་བའི་དཔྱད་གཞི་གསོན་པོ་ཞིག་ཡིན། དེས་ད་ལྟའི་བར་གཉེན་ཉེ་མཛའ་གྲོགས་དང་། དགའ་ཉེ་བློ་དཀར། གྲོང་པ་ཕན་ཚུན་གྱི་མཐུན་ལམ་དང་། མཛའ་བརྩེ་ཟབ་ཏུ་གཏོང་བའི་ཐད་ལའང་ཕན་ནུས་ངེས་ཅན་ཐོན་ཡོད་པ་ནི་དེ་བས་བརྗོད་མི་དགོས་པ་ཞིག་ཡིན།   

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།