[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་བྱུང་རིམ།
  • “སྤྱན་བསལ”ཞེས་པའི་ཐ་སྙད་འབྱུང་བའི་ལོ་རྒྱུས་རྒྱབ་ལྗོངས་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-16

    སྤྱི་ལོ་1912ལོའི་ཡས་མས་སུ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས“སྤྱན་བསལ”ལ་འགན་ཆེན་འཁུར་དུ་བཅུག་ཡོད། སྐབས་དེ་དུས་གོང་ས་མཆོག་དགུང་ལོ་36ཏུ་ཕེབས་པ་དང་། ལུགས་གཉིས་ཀྱི་འགན་བཞེས་ནས་ལོ་14སོང་བ་རེད། ཆིང་རྒྱལ་རབས་ཀྱི་རུལ་སུངས་དང་ཉམས་ཞན། དེ་བཞིན་བཙན་རྒྱལ་རིང་ལུགས་ཀྱིས་གཏུམ་པོའི་བཙན་འཛུལ་བྱས་པར་བརྟེན། རྒྱལ་ནང་དུ་ཟང་ཟིང་ཆེ་བའི་གནས་སུ་གྱར། དབྱིན་ཇིས་བོད་ལ་བཙན་འཛུལ་ཐེངས་མ་གཉིས་བྱས་ཤིང་། མི་དམངས་རྣམས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གཉའ་གནོན་འོག དབང་སྒྱུར་བྲལ་རིམ་ནང་ཁུལ་དུ་མི་སེམས་གཅིག་ཏུ་མ་གནས་པ་དང་། ཤོག་ཁག་མང་བ། འགལ་ཟླ་ཤུགས་ཆེ་བ། ཕན་ཚུན་དབར་ཡིད་ཆེས་མེད་པ་བཅས་ཀྱི་གནས་སུ་གྱར་བ་དེས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཀྱི་སྐྱོན་ཆ་རྦད་དེ་དམར་རྗེན་དུ་ཕྱིར་མངོན་པ་དང་། “སེར་མོ་བའི་རྒྱལ་ཁམས”འཇིག་ལ་ཉེ་བ་རེད་ཅེས་བཤད་ཆོག ཏཱ་ལའི་བླ་མ་མཆོག་གིས་གཞན་ཁོངས་ཀྱི་སྟོབས་ཤུགས་ཉམས་དམས་སུ་གཏོང་བ་དང་། བོད་ཀྱི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བ་དང་། རང་གི་སྲ་ཞིང་བརྟན་པའི་སྲིད་དབང་བཅས་འཛུགས་པ་བྱ་ཆེད། གོང་ས་མཆོག་གིས་ལོ་རྒྱུས་ཉམས་མྱོང་བླངས་ཏེ“སྤྱན་བསལ”ལ་རོགས་སྐྱོར་བྱས་ནས“རྒྱལ་ཕྱུག་དམག་ཧྲག”གི་སྲིད་འཛིན་བྱེད་ཐབས་ཁྱབ་གདལ་བཏང་བ་རེད། སྔར་བྱུང་མྱོང་མེད་པའི་སྲིད་སྐྱོང་གི་བསམ་བློ་དེ་གཤམ་གྱི་ལོ་རྒྱུས་རྒྱབ་ལྗོངས་ཆེ་གྲས་ནང་ནས་བྱུང་བ་ཞིག་རེད།

    དུས་རབས་19པའི་དུས་མཇུག་ཏུ། དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས“ཆོས་སྤེལ་བ” དང“རྟོག་ཞིབ” “ཡུལ་སྐོར”བཅས་ལ་ཁ་གཡར་ནས་བཙན་འཛུལ་དང་སིམ་འཛུལ་བྱས་པའི་ལྐོག་གཡོ་ངན་ཇུས་རིམ་པས་ཕམ་རྗེས། བོད་ཀྱི་སྒོ་མོ་གང་མགྱོགས་འབྱེད་ཆེད། དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་སྔ་རྗེས་སུ་འབྲས་ལྗོངས་དང་། འབྲུག་ཡུལ་སོགས་ཀྱི་ས་ཆ་བཙན་བཟུང་བྱས། དབྱིན་ཇི་བཙན་རྒྱལ་རིང་ལུགས་པའི་བྱ་སྤྱོད་ལ་བོད་ཀྱི་རིམ་ཁག་མི་སྣའི་དོགས་ཟོན་དང་། རང་སྲུང་བྱེད་ཐབས་སྤྱད་པ་རེད། བཀའ་ཤག་སྲིད་གཞུང་ནས་ཀྲུང་གོ་དང་འབྲས་ལྗོངས་ཀྱི་ས་མཚམས་ལུང་ཐུར་ལར་སོ་ལྟ་ཁང་བཙུགས་ནས་དབྱིན་ཇི་བ་བོད་དུ“ཡུལ་སྐོར”ཡོང་རྒྱུར་བཀག་འགོག་བྱས་པ། བོད་པས་ལུང་ཐུར་ལར་སོ་ལྟ་ཁང་བཙུགས་པ་དབྱིན་ཇི་བཙན་འཛུལ་བས་ཤེས་རྗེས། བོད་ལ་དྲག་པོའི་བཙན་འཛུལ་བྱ་རྒྱུར་ཁ་གཡར་ས་ཡག་པོ་ཞིག་བྱུང་སོང་སྙམ་སྟེ། ཕྱོགས་གཅིག་ནས། ཆིང་ཀྲུང་དབྱང་སྲིད་གཞུང་ལ་རྒོལ་གཏམ་སྤེལ་ནས་བཙན་འཛུལ་ཁྲིམས་མཐུན་ཅན་དུ་འགྱུར་བ་བྱས་པ་དང་། ཕྱོགས་གཞན་ཞིག་ནས། དམག་མི་བཏང་སྟེ་བཙན་འཛུལ་བྱ་རྒྱུའི་གྲ་སྒྲིག་བྱས།  སྤྱི་ལོ་1888ལོར་དབྱིན་ཇིས་བོད་དམག་གི་ས་མཚམས་བརྒལ་ནས་སོ་ལྟ་ཁང་བཙུགས་པར་ཁ་གཡར་ཏེ་བོད་ལ་བཙན་འཛུལ་བྱེད་འགོ་ཚུགས། ལུང་ཐུར་ལའི་དམག་འཐབ་ཁྲོད་རྒྱ་ཆེའི་བོད་ཀྱི་མི་དམངས་མང་ཚོགས་ཚོས་དཔའ་ངར་ཞུམ་མེད་ཀྱིས་དགྲ་བོ་དང་དམག་འཐབ་བྱས་ཤིང་། སྲོག་ལ་བབ་ཀྱང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མངོན་ཡོད། འོན་ཀྱང་། དགྲ་དང་རང་ཕྱོགས་དབར་གྱི་སྟོབས་ཤུགས་ལ་ཧེ་བག་ཆེན་པོ་ཡོད་པ་མ་ཟད། ཆིང་ཀྲུང་དབྱང་སྲིད་གཞུང་གིས་དབྱིན་ཇིར་བསྟུན་ཐབས་ཀྱི་སྲིད་ཇུས་སྤེལ་བས་བོད་དམག་ཕམ་པར་གྱུར།  རྗེས་ལ་ཀྲུང་དབྱིན་བར<<བོད་ཧིན་ཆིངས་ཡིག་དོན་ཚན་བརྒྱད་པ>>(中英会议藏印条约)དང<<བོད་ཧིན་ཆིངས་ཡིག་དོན་ཚན་དགུ་པ>>(中英会议藏印续约)བཞག་པ་རེད། ཆིངས་ཡིག་དོན་ཚན་བརྒྱད་པའི་ནང་དུ་འབྲས་ལྗོངས་དབྱིན་ཇིའི་སྲུང་སྐྱོབ་རྒྱལ་ཁབ་གཅིག་ལ་ཁས་བླངས་པས། ཡི་གེ་དང་། ཆོས་ལུགས་སོགས་བོད་དང་གཅིག་པ་ཡིན་པ་མ་ཟད། ལོ་རྒྱུས་ཐོག་བོད་དང་འབྲེལ་བ་ཤིན་ཏུ་ཆེ་བའི་བོད་ཀྱི་ཁོངས་གཏོགས་རྒྱལ་ཕྲན་འབྲས་ལྗོངས་དབྱིན་ཇིའི་ལག་ཏུ་ཤོར་བ་དང་། དབྱིན་ཇིས་ཁྲིམས་འགལ་ངང་ལུང་ཐུར་ལ་དང་གམ་པ་རྫོང་གི་ལྷོ་ཕྱོགས་གི་འབྲོག་ར་ཆེན་པོ་ཧམ་བཟུང་བྱས་པ་རེད། ཆིངས་ཡིག་དོན་ཚན་དགུ་པའི་ནང་དུ། དབྱིན་ཇིར་དམིགས་བསལ་གྱི་དབང་ཆ་དེ་བས་མང་བ་ཐོབ་པ། དཔེར་ན། གྲོ་མོ་ཚོང་འགྲུལ་དུ་བཟོས་ནས། གྲོ་མོ་ཁུལ་དུ་ཁྲིམས་སྒོ་རང་བཙན་གྱི་དམིགས་བསལ་དབང་ཆ་རབ་དང་རིམ་པ་ཡོད་པ་དང་། བོད་དུ་དཔལ་འབྱོར་ཐོག་བཙན་འཛུལ་བྱས་ནས་གོམ་གང་མདུན་སྤོས་ཀྱིས་བོད་ལ་བཙན་འཛུལ་བྱ་རྒྱུར་སྟབས་བདེའི་ཆ་རྐྱེན་བསྐྲུན་ཡོད་པ་རེད།

    སྤྱི་ལོ་1902ལོར་གསར་དུ་བསྐོས་པའི་དབྱིན་ཇིའི་སྐུ་ཚབ་ཧིན་རྡུ་སྤྱི་ཁྱབ་ཁོ་སུང་(寇松)གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་མཆོག་ལ་སྔ་རྗེས་སུ་ཞུ་ཡིག་ལན་གཉིས་ཕུལ་ཡང་། ཏཱ་ལའི་བླ་མས། བོད་སྡོད་ཨམ་བན་དང་བོད་ལྗོངས་ཚོགས་འདུ་མ་བརྒྱུད་པར་ཐད་ཀར་ཕྱི་རྒྱལ་བ་དང་ཡིག་འགྲུལ་བྱེད་མི་ཆོག་ཅེས་གསུངས་ནས་ཞུ་ཡིག་ཕྱིར་བསློགས་པར་དབྱིན་ཁོངས་སྲིད་གཞུང་ཤིན་ཏུ་ནས་ཡི་མ་རངས། བོད་ས་གནས་སྲིད་གཞུང་དང་ཨུ་རུ་སུའི་དབར་འབྲེལ་བ་དམ་ཟབ་ཡོད་པ་དང་། བོད་ནས་ཧྲ་ཧོང་གིས་རྒྱ་གར་ལ་བཙན་འཛུལ་བྱ་རྒྱུར་སྟབས་བདེ་བསྐྲུན་ནས་དབྱིན་ཁོངས་རྒྱ་གར་གྱི་བདེ་འཇགས་ལ་ཐད་ཀར་ཉེན་ཁ་བཟོ་བ་དང་། བོད་དམག་གིས་མཐའ་མཚམས་ནས་བརྒལ་ཞིང་། ཆིངས་ཡིག་ལས་འགལ་བར་ཁ་གཡར་ནས་མཐའ་མཚམས་སུ་འཁྲུག་རྐྱེན་སློང་བ་དང་། རུང་ཧེ་ཕུང་གིས་གྲོས་མོལ་ལ་ཁ་གཡར་ཏེ་རྒྱ་ཁང་ནས་དམག་ཁྲིད་ཡོང་བ་དང་། ལྷ་ས་ནས་མངགས་པའི་རིམ་བཞིའི་དཔོན་རིགས་ཀྱི་དཔོན་གནས་དམའ་དྲགས་ཏེ་གྲོས་མོལ་བྱ་རིན་མི་འདུག་ཅེས་མཐོང་ཆུང་བྱས་ནས་གྲོས་མོལ་མ་བྱས་པར་གམ་པ་རྫོང་བཙན་བཟུང་བྱས།

    སྤྱི་ལོ་1903ལོར་རུང་ཧྭ་ཕེང་གིས་དབྱིན་དམག་5000ཙམ་སྣེ་ཁྲིད་ནས་རྫ་ལེབ་ལ་བརྒལ་ནས་གྲོ་མོ་རིན་ཆེན་སྒང་དུ་འབྱོར་བ་དང་། མི་རྟ་གཉིས་ལ་ཚེགས་མེད་པར་བོད་དམག་གིས་ཕག་རིར་གསོག་ཉར་བྱས་པའི་མེ་རྫས་དང་མཚོན་ཆ་རྣམས་བཙན་འཕྲོག་བྱས་ནས་ཆུ་མིག་གཤོངས་ཀའི་ཕྱོགས་སུ་བསྐྱོད། ཁོང་ཚོར་འགོག་རྒོལ་བྱེད་མཁན་གྱི་བོད་དམག་རྣམས་དབྱིན་ཇིས་གྲོལ་མོལ་བྱ་རྒྱུའི་གཡོ་གཏམ་འོག་ཚུད་ནས་སྐར་མ་ཁ་ཤས་ནང་དུ་བོད་དམག་ཆིག་སྟོང་ལྷག་ཙམ་དབྱིན་ཇི་བཙན་འཛུལ་པའི་འདྲེ་ལག་འོག་ཏུ་ཤོར་ནས་ཆུ་མིག་གཤོངས་ཀའི་དམར་གསོད་དོན་རྐྱེན་དེ་བྱུང་བ་རེད། དེ་ནས། དབྱིན་ཇིས་མུ་མཐུད་ལྷ་སའི་ཕྱོགས་སུ་དཔུང་འཇུག་བྱས། མ་གཞི་རྒྱལ་རྩེའི་རྒྱུད་དུ་བོད་དམག་གིས་དཔའ་ངར་ཞུམ་མེད་ཀྱིས་འགོག་རྒོལ་བྱས་ཀྱང་། དགྲ་བོའི་མེ་སྒྱོགས་ལ་ཁ་གཏད་གཅོག་ཐབས་བྲལ་བས་དབྱིན་ཇི་བཙན་འཛུལ་པའི་གོམ་སྟབས་བཀག་ཐུབ་མེད། སྤྱི་ལོ་1904ལོའི་ཟླ་6ཚེས་12ཉིན། དབྱིན་ཇི་བཙན་འཛུལ་དམག་ཆུ་ཤུར་གྱི་ཉེ་འགྲམ་དུ་འབྱོར་བས། བོད་ས་གནས་སྲིད་གཞུང་གི་དཔོན་རིགས་དང་། གདན་ས་གསུམ་གྱི་འཐུས་མིས་ཐུན་མོང་ཐོག་གྲོས་བསྡུས་བྱས་པ་བརྒྱུད། ཚང་མས་གོང་ས་མཆོག་སྐབས་འཕྲལ་ལྷ་སར་མ་བཞུགས་ན་དགེ་མཚན་ཆེ་བར་གཟིགས་ནས། སྐུ་འཁོར་དང་བཅས་མཚོ་སྔོན་བརྒྱུད་ཕྱི་སོག་ཏུ་ཉེན་གཡོལ་དུ་ཕེབས། ཕྱི་སོག་ཏུ་སོག་པོའི་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ནས་ཁོང་ལ་སྲི་ཞུ་ཧུར་ཐག་བསྒྲུབས་པར་དཱ་ཁུ་རལ་(库伦)ཁུལ་དུ་ནང་བསྟན་ཁྲོད་མཚན་སྙན་གྲགས་ཆེ་ཤོས་ཀྱི་སྐྱེ་བུ་རྗེ་བཙུན་དམ་པ་ཕྲག་དོག་ལངས་ནས་ཁོང་གཉིས་ཀྱི་འགལ་བ་ཉིན་རེ་བཞིན་ཆེ་རུ་སོང་བས། ཏཱ་ལའི་བླ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཕྱི་སོག་ནས་པེ་ཅིང་དུ་ཕེབས་དགོས་བྱུང་། གོང་ས་མཆོག་གིས་བོད་སྡོད་ཨམ་བན་གྱིས་གོང་ལ་མགོ་སྐོར་དང་འོག་ལ་སྦ་གསང་བྱས་ནས། ཆིང་སྲིད་ཀྲུང་དབྱང་སྲིད་གཞུང་ནས་བོད་ཀྱི་དོན་དངོས་གནས་ཚུལ་ལ་རྒྱུས་མངའ་མེད་སྟབས། གོང་ས་མཆོག་གིས་བོད་ཀྱི་ལས་དོན་ཐད་ཀར་གོང་མ་མཆོག་ལ་ཞུས་ན་ལེགས་པར་ངོས་འཛིན་གནང་གི་ཡོད་པས། ཡུམ་ཚེ་ཞི་དང་གོང་མ་ཀོང་ཞུ་ལ་སླད་ཕྱིན་བོད་སྡོད་ཨམ་བན་མ་བརྒྱུད་པར་ཐད་ཀར་གོང་མ་མཆོག་ལ་ཞུས་ན་འགྲིག་མིན་གྱི་རེ་བ་བཏོན་ཡང་། ཆིང་ཀྲུང་དབྱང་སྲིད་གཞུང་གིས་ཁས་མ་བླངས། གོང་ས་མཆོག་གིས་ཚེ་ཞི་དང་ཀོང་ཞུ་མཇལ་ཡང་ཕན་པ་ཆེར་མ་བྱུང་བས། ཆིང་ཀྲུང་དབྱང་སྲིད་གཞུང་ལ་བཅངས་པའི་རེ་བ་ཕྲན་བུ་དེ་ཡང་སྟོད་ཟད་དུ་གྱུར།  མི་རིང་བར་རྒྱལ་ཡུམ་དང་ཀོང་ཞུ་སྔ་རྗེས་སུ་དགོངས་པ་རྫོགས་པ་དང་། རིམ་གྱིས་ཆིང་ཀྲུང་དབྱང་སྲིད་གཞུང་གི་དཔོན་རིགས་ནང་ཁུལ་དུ་འགལ་བས་ཁེངས།

    སྤྱི་ལོ་1904ལོའི་ཟླ་8ཚེས་3ཉིན། དབྱིན་དམག་ལྷ་སར་འབྱོར་བ་དང་། སྤྱི་ལོ་1904ལོའི་ཟླ་9པར། དབྱིན་ཇི་བཙན་འཛུལ་པས་ལྷ་ས་དམ་པོར་བསྐོར་བ་དང་། མེ་སྒྱོགས་ཀྱི་འཇིགས་སྐུལ་འོག་ཏུ། དགའ་ལྡན་ཁྲི་པ་གཙོ་བོར་བྱས་པའི་སྐྱ་སེར་དཔོན་རིགས་དང་། གདན་ས་གསུམ་གྱི་འཐུས་མི་དག་བྱེད་ཐབས་ཟད་ནས་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་དུ་རུང་ཧེ་ཕུང་དང<<ལྷ་སའི་ཆིངས་ཡིག>>བཞག་དགོས་བྱུང་། ཆིངས་ཡིག་ནང་དུ་དབྱིན་ཇིས་སྤྱི་ལོ་1890ལོ་དང་། སྤྱི་ལོ་1893ལོར་བཞག་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་གི་གཏན་འབེབས་ནང་དབྱིན་ཇིར་དབང་བའི་དམིགས་བསལ་གྱི་དབང་ཆར་ཡང་བསྐྱར་ཁས་ལེན་བྱེད་དུ་བཅུག་པ་ཕུད། ད་དུང་དམག་དོན་དང་། ཆབ་སྲིད། དཔལ་འབྱོར་སོགས་ཕལ་ཆེ་བའི་ཐད་ནས་བོད་འདི་ཉིད་དབྱིན་ཁོངས་རྒྱ་གར་སྲིད་གཞུང་གི་དངོས་ཡོད་ཚོད་འཛིན་གྱི་ནང་དུ་བཞག་ཡོད་པ་རེད།

    གོང་ས་མཆོག་པེ་ཅིང་དུ་བཞུགས་རིང་། ཆིང་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་བཅོས་སྒྲིག་བྱས་ནས“ཡུལ་དཔོན་རྒྱ་བསྒྱུར”གྱི་ལམ་ལུགས་བཟོས་ཏེ། བོད་ཁུལ་དུ་གྲགས་ཆེ་བའི“བཤན་པ”ཀྲའོ་ཨེར་ཧྥུང(赵尔丰)བོད་སྡོད་ཨམ་བན་ལ་བསྐོ་བཞག་བྱས་པ་དང་། ཀྲུང་གཡིང(钟颖)ལ་བཀའ་ཕབ་ནས་ཟི་ཁྲོན་དམག་མི་2000ལྷག་ཙམ་བོད་དུ་བཏང་བས། གོང་ས་མཆོག་ཐུགས་བློ་མི་བདེ་བར་གྱུར་ནས་ཁོང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ཀྱང་དེ་སྔའི་དབྱིན་ཇིར་འགོག་རྒོལ་བྱེད་པ་ནས་རིམ་གྱིས་དབྱིན་ཇིའི་སྟོབས་ཤུགས་ལ་བརྟེན་ནས་ཆིང་རྒྱལ་རབས་ལ་ངོ་རྒོལ་བྱེད་པའི་ཕྱོགས་སུ་བསྒྱུར། དེའི་དམིགས་ཡུལ་གཙོ་བོ་ནི་ཆིང་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་སྒྱུར་བཅོས་རབ་དང་རིམ་པ་བྱ་རྒྱུ་བཀག་འགོག་བྱས་ནས་དེ་སྔའི་སྤྱི་ཚོགས་སྒྲིག་གཞི་རང་སོར་བཞག་ཐོག རང་ཉིད་ཀྱི་སྲིད་དབང་སྲ་བརྟན་ཡོང་ཆེད་ཡིན་པ་གདོན་མི་ཟ། ཏཱ་ལའི་བླ་མ་མཆོག་པེ་ཅིང་དུ་བཞུགས་རིང་། སྔ་རྗེས་སུ་ཐན་ཅིང་དུ་བཅའ་སྡོད་འཇར་མན་གྱི་གཞུང་ཚབ་ཆེན་མོ་དང་། པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ། དེ་བཞིན་པེ་ཅིང་དུ་བཅའ་སྡོད་འཇར་པན་དང་། དབྱིན་ཇིའི་འཐུས་མི་སོགས་དང་འབྲེལ་བ་དང་གླེང་མོལ་བྱས་པ་བརྒྱུད། རྒྱལ་ཁབ་དེ་དག་གི་གནས་ཚུལ་དང་། ལྷག་པར་ཉེ་ཉབས་ཀྱི་དཔལ་ཡོན་འཕེལ་ཚུལ་ལ་མཁྱེན་རྟོགས་རགས་ཙམ་བྱུང་། གོང་ས་མཆོག་སྤྱི་ལོ་1909ལོའི་ཟླ་10པར་ལྷ་སར་ཕྱིར་ལོག་ཕེབས་ནའང་། མི་རིང་བར་བོད་སྡོད་ཨམ་བན་དང་། ཁྲོན་དམག་དང་འགལ་བ་བྱུང་སྟེ་མཐུན་ཐབས་བྲལ་བས་རྒྱ་གར་དུ་ཡུལ་གྱར་ཐེངས་མ་གཉིས་པ་ཕེབས་དགོས་བྱུང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་བོད་ནས་རྒྱ་གར་རྡོ་རྗེ་གླིང་དུ་ཕེབས་རྗེས་པེ་ཅིང་དུ་བོད་སྡོད་ཁྲོན་དམག་གི་གནད་དོན་ཐག་གཅོད་བྱེད་དགོས་ཚུལ་ཏར་ཐེངས་མང་བཏང་ཡང་། ཆིང་ཀྲུང་དབྱང་སྲིད་གཞུང་ནས་བརྡ་ལན་གང་ཡང་མ་སློག་ཁར། དེ་ལས་ལྡོག་སྟེ། གོང་ས་མཆོག་གི་དབུ་གནས་གནས་དབྱུང་བཏང་ཞིང་། བོད་སྡོད་ཨམ་བན་ལ་ཡང་སྲིད་གསར་དུ་བསྐོ་བཞག་བྱེད་དགོས་པའི་བཀའ་ཕབ། སྤྱི་ལོ་1911ལོའི་སྟོན་ཁར། ནང་སར་ལྕགས་ཕག་ལོའི་གསར་བརྗེ(辛亥革命)ལངས་པ་དང་། ལྷ་སར་བཅའ་སྡོད་ཁྲོན་དམག་ནང་ཁུལ་དུ་མ་མཐུན་པར་གྱུར་བས།  དབྱིན་ཇིས་གོང་ས་མཆོག་ལ་བོད་ཀྱི་ས་ཁུལ་ཁག་ཏུ་ཆིང་རྒྱལ་རབས་ལ་ངོ་རྒོལ་དང་གྱེན་ལོག་བྱེད་དགོས་པའི་ངན་སྐུལ་བྱས། སྤྱི་ལོ་1912ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཀ་ལོན་སྦུག་ནས་ཆིབས་ཁ་བསྒྱུར་ཏེ་ལྷ་སར་ལོག་ཕེབས་པ་རེད།

    ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ལུགས་གཉིས་ཀྱི་འགན་མ་བཞེས་སྔོན་ཙམ་དང་བཞེས་ནས་ཅང་མ་འགོར་བའི་དུས་ཚོད་ནང་དབྱིན་ཇིས་བོད་ལ་བཙན་འཛུལ་ཐེངས་གཉིས་བྱས། གངས་རི་ར་བས་བསྐོར་བ་དང་། ཟིལ་ཤུགས་ཟད་མཐའ་མེད་པའི་སྲུང་མས་ཕྱི་ཕྱོགས་ཀྱི་བཙན་འཛུལ་པ་འགོག་ནུས་པའི་ལྷ་སྒྲུང་ཡལ་ཟིན་པ་དང་། ལོ་རྒྱུས་ཡུན་རིང་ལྡན་ཞིང་མི་སེམས་འགུལ་བའི་ངག་རྒྱུན་དང་ལྡན་པའི་བོད་མདའ་དང་། འུར་རྡོ་སོགས་མེ་མདའ་སྦག་སྦག་དང་མེ་སྒྱོགས་ཀྱི་མདུན་དུ་ཉམས་ཞན་དང་ཡ་ང་བ་ཞིག་ཏུ་གྱུར། དབྱིན་ཇིའི་དམག་གིས་ཕྲག་པར་མེ་མདའ་སྦག་སྦག་འཁུར་ཞིང་། རྐང་པར་འཇུར་རྟ་གོན་ནས་སྤོབས་པ་ཆེར་སྐྱེད་ཀྱིས་ཕོ་བྲང་པོ་ཏ་ལའི་མདུན་ནས་འགྲོ་སྐབས་ང་ཚོའི་མི་རིགས་འདིར་སྔོན་བྱུང་མ་མྱོང་བའི་བརྙས་བཅོས་བཟེད་པ་རེད། རྟག་རྒྱུན་དུ་གཞུང་དྲང་དང་རྒོད་པོའི་མིང་དུ་གྲགས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཀྱང་ཕམ་ཉེས་འབྲས་བུ་སེམས་ཀྱི་གཏིང་ནས་མྱངས་རྗེས། རྗེས་ལུས་ཐེབས་ན་ཉེས་རྡུང་གཟེད་རྒྱུ་དང་། རྗེས་ཐུབ་ཐེབས་ན་བརྙས་བཅོས་གཟེད་རྒྱུ་ཡིན་པའི་གནས་ལུགས་ལ་ངོས་འཛིན་གསལ་པོ་ཐུབ། ཡུལ་གྱར་ཐེངས་གཉིས་ཕེབས་པའི་དུས་ཚོད་ནང་དུ་ཕྱི་རོལ་གྱི་འཇིག་རྟེན་ལ་རྒྱུས་ལོན་བྱུང་བས། བོད་ཀྱི་རྗེས་ལུས་གནས་ཚུལ་ལ་སྔར་ལས་ལྷག་པའི་ངེས་ཤེས་ཐུབ། ཆིང་ཀྲུང་དབྱང་སྲིད་གཞུང་གི་མགོ་འདོགས་སྲིད་ཇུས་དང་དབྱིན་འགོག་དམག་འཁྲུག་ཁྲོད་ཆིང་ཀྲུང་དབྱང་སྲིད་གཞུང་གིས་ཕན་པ་ཆེར་མ་ཐོན་པས། གཞན་ལ་སྐྱབས་བཅོལ་བའི་རེ་བ་སྟོང་ཟད་དུ་དགོངས་ནས་འཕེལ་རྒྱས་ཀྱི་ལམ་བུ་གཞན་བཙལ་གནང་མཛད། ལྷག་པར་དུ་གོང་ས་མཆོག་རྒྱ་གར་དུ་བཞུགས་རིང་ཁོང་གིས་ཀ་ལི་ཀ་ཏའི་དམག་དཔུང་དང་། བཟོ་གྲྭ  རྟེན་རྫས་བཤམསྟོན་ཁང་སོགས་སུ་གཟིགས་སྐོར་དུ་ཕེབས་པས་གཟིགས་རྒྱང་རིང་དུ་ཕྱིན། གོང་ས་མཆོག་གི་ཐུགས་ལ་བོད་དུ་སྒྱུར་བཅོས་མ་བྱས་ན་རེ་བ་མེད་པར་དགོངས་ཀྱང་། བྱེད་ཐབས་གསར་པ་ལག་བསྟར་བྱས་ན། ཕྱོགས་གཅིག་ནས་དགོན་པ་དང་སྐུ་དྲག་གི་ཁེ་ཕན་ལ་ཕོག་ཐུབ་འགྲོ་བས་ཁོ་ཚོས་ངོ་རྒོལ་བྱ་རྒྱུར་ཐེ་ཚོམ་སྤུ་ཙམ་ཡང་མེད་པ་དང་། ཕྱོགས་གཞན་ཞིག་ནས། བཀག་སྡོམ་དང་རྗེས་ལུས་ཀྱི་བསམ་བློའི་འདུ་ཤེས་དང་ཆོས་ལུགས་ཐད་ཀྱི་འགོག་ཤུགས་དེ་བས་ཆེ་བ་ཡོད་པ་གོང་ས་མཆོག་གིས་གསལ་པོར་མཁྱེན་གྱི་ཡོད་པས། གྲུང་ཤ་དོད་ལ་བློས་འགེལ་ཆོག་པའི་འགན་འཁུར་བ་ཞིག་བཙལ་ནས་བྱེད་ཐབས་གསར་པ་ལག་བསྟར་བྱེད་དགོས་ཀྱི་ཡོད།

    ཀུན་གྱིས་ཤེས་གསལ་ལྟར། གོ་ཤྲི་ཁང (顾始汗) གིས་དགེ་ལུགས་པར་རོགས་རམ་བྱས་ཏེ་དགའ་ལྡན་ཕོ་བྲང་གིས་བོད་ས་གནས་ཀྱི་སྲིད་དབང་བཙུགས་རྗེས། ཏཱ་ལའི་བླ་མ་མཆོག་ལ་ཆོས་སྲིད་གཉིས་ཀའི་དབང་ཆ་ཡོད་པ་རེད། བོད་ཀྱི་ཞིང་བྲན་བདག་པོ་སྐྱ་སེར་དཔོན་རིགས་ནང་ཁུལ་དུ་སྲིད་དབང་འཕྲོག་རྩོད་ཀྱི་འགལ་བ་སྔར་ལས་རྣོ་ངར་ཅན་དུ་གྱུར་བས། ཏཱ་ལའི་བླ་མ་མཆོག་སྲིད་དབང་འཕྲོག་རྩོད་ཁྲོད་ཀྱི་གླུད་རྫས་ལྟ་བུར་གྱུར། ལྷག་པར་དུ། ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་ནས་སྐུ་ཕྲེང་བཅུ་གཉིས་འཕྲིན་ལས་རྒྱ་མཚོ་བར་དགུང་ལོ་ཆུང་ཆུང་སྐབས་ནས་དགོངས་པ་རྫོགས(སྐུ་ཕྲེང་དགུ་པ་དགུང་ལོ་11བར་དང་། སྐུ་ཕྲེང་བཅུ་པ་དགུང་ལོ་22 སྐུ་ཕྲེང་བཅུ་གཅིག་དགུང་ལོ་18  སྐུ་ཕྲེང་བཅུ་གཉིས་དགུང་ལོ་20བཅས་ལས་འཚོ་བཞུགས་ཐུབ་མེད)པ་མ་ཟད། གློ་བུར་དུ་དགོངས་པ་རྫོགས་པ་ཤ་སྟག་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་མཆོག་ནི་སློབ་གཉེར་གནང་རྒྱུར་དགའ་ཞེན་ཆེ་བས། རྒྱལ་བའི་སྐུ་ཕྲེང་རིམ་བྱོན་ཁྲོད་ནས་ཆོས་སྲིད་གཉིས་ཀར་འགྲན་ཟླ་བྲལ་བའི་ཤེས་རབ་ལྡན་མཁན་གྱི་སྐྱེས་ཆེན་དམ་པའི་གྲས་ཤིག་ཡིན། གོང་ས་མཆོག་གིས་ སྐུ་ཕྲེང་རིམ་བྱོན་ཁ་ཤས་དགུང་ལོ་ཆུང་ངུའི་དུས་ནས་དགོངས་པ་རྫོགས་པའི་སྣང་ཚུལ་ལ་དོ་སྣང་གནང་གི་ཡོད་ལ་དོགས་ཟོན་ཡང་གནང་གི་ཡོད།  དོན་དངོས་ཐོག  གོང་ས་མཆོག་གིས་ལུགས་གཉིས་ཀྱི་འགན་བཞེས་ནས་དུས་ཚོད་རིང་པོ་མི་སོང་བར་བསླབ་བྱ་བསྐྱར་དུ་ཐེངས་གཅིག་མྱོང་དགོས་བྱུང་། གོང་ས་མཆོག་དགུང་ལོ་ཉི་ཤུར་ཕེབས་པའི་སྐབས་སུ། གདན་ས་གསུམ་དང་བཀའ་ཤག་སྲིད་གཞུང་གི་སྐྱ་སེར་དཔོན་རིགས་ཀྱིས“ལུང་བསྟན”ལྟར་གོང་ས་མཆོག་གིས་སྲིད་འགན་བཞེས་རྒྱུའི་རེ་བ་བཏོན། གོང་ས་མཆོག་གིས་ལུགས་གཉིས་ཀྱི་འགན་བཞེས་ནས་ལོ་བཞི་སོང་བའི་སྐབས་ཏེ། སྤྱི་ལོ་1899ལོའི་ཟླ་7པར། བསྟན་རྒྱས་གླིང་གི་དོན་རྐྱེན་ཐོན་པ་རེད། དོན་རྐྱེན་དེའི་བརྒྱུད་རིམ་ནི་འདི་ལྟ་སྟེ། རྒྱལ་ཚབ་དེ་མོ་ལས་གནས་དགོངས་ཞུ་བྱས་རྗེས། ཁོང་གི་གཅུང་པོ་ནོར་བུ་ཚེ་རིང་གིས་སྐྱ་སེར་དཔོན་རིགས་གཞན་དག་དང་ངན་འབྲེལ་བྱས་ནས་བསྟན་རྒྱས་གླིང་བླ་བྲང་གི་དབང་ཆ་ཡོངས་སུ་བཟུང་བ་དང་། གོང་ས་མཆོག་གིས་སྲིད་འགན་བཞེས་པར་ཡི་མ་རངས་པར་གོང་ས་མཆོག་བཀྲོངས་ཏེ་དེ་མོའི་རྒྱལ་ཚབ་ཀྱི་གོ་གནས་སླར་གསོ་བྱ་རྩིས་བྱས་པ་རེད། ཁོ་ཚོས་གོང་ས་མཆོག་གི་ཉེ་འཁོར་གྱི་དཔོན་རིགས་བརྒྱུད་ནས་གོང་ས་མཆོག་ལ་སྤུས་ལེགས་ཀྱི་ལྷམ་ཞིག་ཕུལ་བ་དང་། ལྷམ་མཐིལ་གྱི་ནང་དུ་གོང་ས་མཆོག་གི་འཁྲུངས་འདས་བཀོད་པའི་སྔགས་འཁོར་ཞིག་སྦ་འཇུག་བྱས་ནས་བཙེམས་ཡོད་པས། གོང་ས་མཆོག་ཐུགས་རིག་བྱིང་བ་དང་གསོལ་ཟས་ཀྱི་དང་ག་འགག  གནས་ཆུང་ཆོས་སྐྱོང་གདན་དྲངས་ནས་དཔྱད་པས། ལྷམ་མཐིལ་དུ་དོགས་པ་ཡོད་ལུགས་བསྟན།  ཁ་ཕྱེ་ནས་ལྟ་སྐབས་ནང་དུ་སྔགས་འཁོར་ཡོད་པ་མཐོང(<<བོད་ས་གནས་ཀྱི་ཉེ་རབས་ལོ་རྒྱུས>>ནང་དུ་གསལ)མི་རིང་བར་དེ་མོ་འཛིན་བཟུང་བྱས་རྗེས་བཙོན་ཁང་དུ་གྲོངས་པ་དང་། བཀའ་ཤག་ནས་བསྟན་རྒྱས་གླིང་གི་རྒྱུ་དངོས་རྩིས་བཤེར་གཞུང་བཞེས་བཏང་ཞིང་། ནོར་བུ་ཚེ་རིང་གི་ནག་ཉེས་ལ་ཐག་གཅོད་བྱས། མི་ཁ་ཤས་ཀྱིས་གནས་ཚུལ་དེ་རིགས་རྩ་བ་ནས་མེད་པར་མ་ཉེས་ཁ་གཡོགས་བྱས་པ་རེད་ཅེས་བཤད་ཀྱང་། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། དོན་རྐྱེན་དེ་རིགས་ཐོན་མི་སྲིད་པའང་མིན། གང་ལགས་ཤེ་ན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་གོང་གི་སྐུ་ཕྲེང་དགུ་པ་དང་། བཅུ་པ། བཅུ་གཅིག བཅུ་གཉིས་བཅས་ཀྱིས་བོད་ཀྱི་ལུགས་གཉིས་འགན་བཞེས་པའི་དུས་ཚོད་ལོ་གསུམ་ཡང་ཟིན་གྱི་མེད་པས། མང་ཚོགས་ཁྲོད་དུ་གོང་ས་མཆོག་གི་ཤུགས་རྐྱེན་ཞན་དུ་སོང་བ་དང་། རྒྱལ་ཚབ་ཀྱི་ཤུགས་རྐྱེན་དང་སྟོབས་ཤུགས་སྔར་ལས་ཆེ་རུ་སོང་ཡོད། རྒྱལ་ཚབ་ཤོག་ཁག་གིས་རང་གི་གོ་གནས་ཏཱ་ལའི་བླ་མ་ལ་ཕུལ་འདོད་མེད་པས་བཀྲོང་རྩིས་བྱས་པ་མི་སྲིད་པ་མིན། སྔགས་འཁོར་སྦས་ནས་མི་གཞན་བཀྲོང་རྩིས་བྱས་པའི་དོན་རྐྱེན་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཧ་ཅང་མང་ཡོད། དེའི་རྣམ་པའི་ཐོག་ནས་བལྟས་ནའང་ཁུངས་མེད་ལུང་མེད་དང་ཡིད་ཆེས་དཀའ་བ་ཞིག་ཡིན་ཡང་། སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བསམ་བློ་བཏང་ནའང་དེ་ནི་ཕྱི་ཤུགས་ལ་བརྟེན་ནས་ཕ་རོལ་པོ་ཕམ་ཉེས་སུ་གཏོང་འདོད་པའི་སེམས་ཁམས་ཤིག་ཡིན། དེ་ལས་ང་ཚོས་བོད་ཀྱི་དབང་འགྱུར་གྲལ་རིམ་ནང་ཁུལ་གྱི་འགལ་ཟླ་དང་འཐབ་རྩོད་ཤེས་ནུས། དེ་བརྟེན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བྱེད་ཐབས་གསར་པ་ཁྱབ་གདལ་གཏོང་སྐབས་སྐུ་སྲུང་བ་དང་། གདོང་མཆོང་པ་དགོས་ཀྱི་ཡོད་ལ་གོང་ས་མཆོག་གི་སྐུ་སྲོག་སྲུང་ཐུབ་ཅིང་བློས་འགེལ་ཆོག་པའི་མི་ཞིག་དགོས་ཀྱི་ཡོད། གནས་ཚུལ་དེ་འདྲའི་འོག་སྤྱན་བསལ་ལ་རོགས་སྐྱོར་བྱས་པ་ཕུད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་སྤྱན་བསལ་ལ་རོགས་སྐྱོར་བྱེད་པའི་རྒྱུ་མཚན་གཞན་ཞིག་ཀྱང་ཡོད་པ་སྟེ།

    ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་མཆོག་གིས་ལུགས་གཉིས་ཀྱི་ཐུགས་འགན་བཞེས་སྐབས། བོད་ཀྱི་དབང་འགྱུར་གྲལ་རིམ་ནང་ཁུལ་གྱི་འཐབ་རྩོད་རྣོ་ངར་ཆེ་བས། སྐུ་དྲག་དཔོན་རིགས་ཀྱི་སྟོབས་ཤུགས་དང་། ཆོས་ལུགས་ཀྱི་སྟོབས་ཤུགས། དམག་ཕྱོགས་ཀྱི་སྟོབས་ཤུགས་བཅས་ཀྱིས་གོང་ས་མཆོག་གི་གནས་བབ་དང་ཚེ་སྲོག་ལ་ཉེན་ཁ་བཟོ་ཡི་ཡོད། བཀག་སྡོམ་དང་ཁེར་རྐྱང་གི་ཁོར་ཡུག་ནང་དུ་གོང་ས་མཆོག་གིས་དམིགས་བསལ་གྱི་ཐབས་ལམ་སྤྱད་ནས་སྲིད་འགན་བཞེས་ནས། དངོས་ཡོད་ཀྱི་སྤྱི་ཚོགས་དང་དམངས་ཀྱི་གནས་ཚུལ་ལ་རྒྱུས་མངའ་གནང་དགོས་ཀྱི་ཡོད་པར་བརྟེན། སྐུ་དྲག་དཔོན་རིགས་སོགས་དབང་ཆེན་རྣམས་དང་འབྲེལ་བ་གང་ཡང་མེད་ཅིང་བློས་འགེལ་ཆོག་པའི་མི་ཞིག་རང་གི་སོ་པར་ཉར་དགོས་ཀྱི་ཡོད། བཀའ་ཤག་སྲིད་གཞུང་གི་དཔོན་རིགས་ཚོས“སྤྱན་བསལ”ལ་གུས་བཀུར་ཆེན་པོ་བྱེད་དོན་ཡང་། སྤྱན་བསལ་གྱིས་གོང་ས་མཆོག་ལ་ཐད་ཀར་གསེར་སྙན་སྒྲོན་པའི་གོ་སྐབས་ཡོད་པ་དང་། གོང་ས་མཆོག་གིས་སྤྱན་བསལ་གྱི་སྐད་ཆར་བརྩིས་མཐོང་བྱེད་ཀྱི་ཡོད་པས་ཡིན། ཐབས་ལམ་དེ་བརྒྱུད་ནས་ཁོ་ཚོས་གོང་ས་མཆོག་ལ་མ་གུས་པའི་རྣམ་པ་དང་ངོ་ལོག་གི་སྤྱོད་གཏམ་ཚོད་འཛིན་ཆེན་པོ་བྱེད་ཐུབ་ཡོད། གོང་ས་མཆོག་གི་དབང་གྲགས་དང་སྐུ་སྲོག་ལ་ཉེན་ཁ་བཟོ་བའི་གནས་ཚུལ་དག་སྤྱན་བསལ་གྱིས་མིག་ཧྲིག་གེར་བལྟས་ནས་སྲུང་གི་ཡོད་པས། གོང་ས་མཆོག་གིས་ཐབས་ལམ་དེ་བརྒྱུད་ནས་དངོས་ཡོད་ཀྱི་གནས་ཚུལ་མཁྱེན་རྟོགས་ཐུབ་ཀྱི་ཡོད་ལ་དུས་ཐོག་ཏུ་འོས་ཤིང་མཚམས་པའི་བྱེད་ཐབས་སྤྱོད་ཀྱི་ཡོད།  (བེན་ཚར་ཟླ་བས་བརྩམས་པའི<<རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་བཅར་ཐུབ་བསྟན་ཀུན་འཕེལ>>ལས་དྲངས། ཉི་ཚེས་བསྒྱུར། ཚེ་ཆོས་ཀྱིས་ཞུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།