[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>ལོ་རྒྱུས་ཡིག་ཚགས།
  • ཁེ་གསུམ། བོད་ལྗོངས་འཕོ་འགྱུར་གྱི“འགྱུར་རྡོ་གསོན་པོ”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-04-11

    ཁེ་གསུམ་གྲོང་ལྷན་དུ་སྐྱོད་སྐབས་དེ་སྔའི་གྲོང་གསེབ་ཀྱི་བཙོག་ཟིང་ཞན་གྱི་ཤུལ་མཐོང་རྒྱུ་མེད་པར་གྲལ་སྒྲིག་ལ་མི་རིགས་ཀྱི་རྣམ་པ་ཟབ་མོ་ལྡན་པའི་ཞིང་ཁྱིམ་གྱི་སྒོ་ར་སྟར་པ་མང་པོ་དང་། དཀར་གསལ་གྱི་གློག་སྒྲོན། དྭངས་ཤིང་གཙང་བའི་ཨར་འདམ་སྲང་ལམ། ཚད་ལྡན་གྱི་རླངས་འཁོར་འཇོག་ཐང་བཅས་མཐོང་རྒྱུ་ཡོད།

    སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ལྷན(དེ་སྔའི་ཁེ་གསུམ་གྲོང་ཚོ)ནི་འབོད་ཚུལ་མང་བའི་ས་ཆ་ཞིག་ཡིན་པ་སྟེ། “ཞིང་བྲན་གྲོང་ཚོ”དང་། “བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”“གྲོང་གསེབ་ཀྱི་གཞི་རིམ་ཏང་ཀྲི་པུའུ་དང་པོ་དང་། ཞིང་འབྲོག་མཐུན་ཚོགས་དང་པོ། མི་དམངས་ཀུང་ཧྲེ་དང་པོ”“ལོ་རྒྱུས་ཀྱི་དཔང་པོ་དང་པོ”“གསར་བརྗེའི་ས་ཆ”“བོད་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”“སྣོད་བཅུད་ཤེས་དཔལ་གྱི་དཔེ་སྟོན་གྲོང་ཚོ”བཅས་རེད། འབོད་ཚུལ་ཚང་མའི་ཐོག་ནས་ཁེ་གསུམ་གྲོང་ལྷན་གྱི་ལོ་རྒྱུས་ཀྱི་དུས་མཚམས་ཚང་མ་ཟབ་མོ་མཚོན་ཡོད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཁེ་གསུམ་ནི་བོད་ཀྱི་ཞིང་བྲན་བདག་པོ་ཆེན་པོ་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱི་གཞིས་ཀ་ཡིན་ཞིང་། དེར་ཁེ་གསུམ་གཞིས་ཀ་ཡང་ཟེར། དེ་གའི་མི་ཕྱེད་ཀ་ཡན་ཞིང་བྲན་བདག་པོའི་གཞིས་ཀར་འཚོ་གནས་མི་བྱེད་ཀ་མེད་རེད། བོད་ཀྱི་ས་གནས་སྲིད་གཞུང་བཀའ་ཤག་གི་ཁྲལ་འུ་ལག་རྒྱུག་དགོས་པ་དང་དུས་མཚུངས་དུད་ཆུང་དང་ནང་གཟན་གྱིས་ཀྱང་ཟུར་ཁང་གཞིས་ཀ་དང་རི་གཤམ་གྱི་དགོན་སྡེར་རིན་དོད་མེད་པར་དངོས་པོ་སྤྲོད་དགོས་པ་དང་ཁྲལ་འུ་ལག་རྒྱུག་དགོས་ཀྱི་ཡོད།

    “རི་བོ་ཆེན་པོ་གསུམ”གྱི་འགོག་གནོན་ལྗིད་པོ་དེ་བོད་ཡོངས་ཀྱི་མི་འབོར་འདུས་མང་ཤོས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཡར་ཀླུང་གཙང་པོའི་རོང་ཁུལ་དུ་ཡང་ནན་ཤོས་ཡིན་ལ་ལྗིད་ཤོས་ཀྱང་ཡིན།

    འདི་ལོ་ལོ་73ལ་སླེབས་པའི་ལྷ་གྲུབ་ཀྱི་བྱིས་པའི་དུས་ཀྱི་དྲན་ཤེས་ནང་རྐང་རྗེན་མ་དང་། ལྷན་པ་བརྒྱབ་པའི་གྱོན་ཆས། དཀྲེས་ལྟོགས་བཅས་དང་དེ་བཞིན་ཞིང་བྲན་བདག་པོའི་རྟ་ལྕག་ལས་གཞན་གང་ཡང་མེད། ལྷ་གྲུབ་ཀྱིས“དེ་སྔ་ང་ཚོས་རིན་དོད་མེད་པར་ཞིང་བྲན་བདག་པོའི་ཁྲལ་འུ་ལག་རྒྱུག་དགོས་པ་དང་ཞིང་བྲན་བདག་པོས་གསོས་པའི་ཁྱི་དང་རྟ་ལ་བསྟེར་བའི་ལྟོ་ཆས་ཞིང་བྲན་ལས་ཡག་པ་ཡོད། སྐབས་དེ་དུས་ཚང་མས་སང་ཉིན་གང་འདྲ་ཡིན་མིན་མི་ཤེས་པ་དང་། འཆི་གསོན་རང་དབང་མེད་པས་ང་ཚོ་ནི་ཞིང་བྲན་བདག་པོའི་མིག་ནང་གི‘སྐད་ཆ་ཤོད་ཤེས་པའི་དུད་འགྲོ་ལྟ་བུ་རེད’”ཅེས་ཕྱིར་དྲན་བྱས་ནས་བཤད།

    ལོ་70ལྷག་ཙམ་ལ་སླེབས་པའི་བློ་བཟང་ཆོས་དར་གྱིས་དེ་སྔ་ཞིང་བྲན་མང་དག་ཅིག་གསོན་པོར་རྡུང་གསོད་གཏོང་བ་མཐོང་མྱོང་ཡོད། ངའི་ཕ་ཡང་ཞིང་བྲན་བདག་པོས་རྡུང་གསོད་བཏང་བ་རེད། བོད་རྙིང་པར་ལམ་ཐོག་ཞིང་བྲན་བདག་པོ་འཕྲད་སྐབས་གུས་འདུད་མ་ཞུས་པར་བརྟེན་ཀ་བར་བསྡམས་པ་དང་། མིག་འབྲས་འདོན་པ། རྡུང་གསོད་གཏོང་བ་ཡང་མཐོང་མྱོང་ཡོད། ཞིང་བྲན་གྱིས་ཉིན་གཅིག་ལ་རྩམ་པ་སྲང་ལྔ་ལས་ཟ་མི་ཆོག་པ་དང་སྡོད་ས་ནི་ཕྱུགས་རིགས་དང་ཁྱི་དང་མཉམ་དུ་ཡིན།

    1959ལོའི་ཟླ་6ཚེས་6ཉིན་གྱི་ཕྱི་དྲོ་ལས་དོན་ཚོགས་ཆུང་གིས་གཞིས་ཀ་ཡོངས་ཀྱི་ཞིང་བྲན་ཚོགས་ཆེན་འཚོགས་ནས་ཞིང་པའི་མཐུན་ཚོགས་ཀྱི་གྲ་སྒྲིག་ཨུ་ལྷན་བདམས་པ་དང་མི་ཚོགས་ཁག་གསུམ་ལ་དབྱེ་ནས་གྲོས་བསྡུར་བྱས་པ་རེད།རྒྱ་བོ་དང་ངོ་གདོང་གཉེར་མས་ཁེངས་པའི་རྒད་པོས་སྤང་གི་ཐོག་ལངས་པ་དང་རྒད་པོས་བཀྲེས་ལྟོགས་ཀྱི་ཁྲོད་དུ་མི་ཚེ་ཕྱེད་ཀ་ཙམ་བསྐྱལ་བ་བལྟས་པ་ཙམ་གྱིས་ཤེས་ཀྱང་དཔའ་མི་ཞུམ་པའི་གསོན་ཤུགས་ལྡན་ཡོད། ཁོང་གིས“གྲོང་པ་ཁྱིམ་མཚེས་དང་གཉེན་ཉེ་མང་དག་གིས་དེ་རིང་ནི་ང་ཚོ་མི་རབས་ནས་མི་རབས་བར་རང་མོས་ངང་མི་བྱེད་པ་ཐེངས་དང་པོ་ཡིན་པ་དང་ང་ཚོ་རང་ཉིད་ཀྱིས་མི་བདམས་པ་དང་བདམས་པའི་མི་ནི་ང་ཚོར་གཉའ་གནོན་གཏོང་མཁན་དང་ཉེས་རྡུང་གཤེ་གཤེ་གཏོང་མཁན་མིན་པར་ང་ཚོའི་སྣེ་ཁྲིད་དེ་ཡར་ལངས་སུ་འཇུག་མཁན་རེད། ང་ཚོ་ཡར་ལངས་དགོས་ལ་ང་ཚོར་རང་མོས་ཀྱང་དགོས། འཚོ་བ་ཡག་པོ་ཞིག་སྐྱེལ་དགོས་ན་མི་དེ་འདྲ་ཞིག་འདེམས་དགོས་ཀྱི་རེད། ང་ཚོ་རྨོངས་གཉིད་ལས་བསངས་མ་ཐག་ཡིན་པས་ང་ཚོར་གུང་ཁྲན་ཏང་དང་ང་ཚོས་བདམས་པའི་མིས་ང་ཚོ་མདུན་ཕྱོགས་སུ་སྐྱོད་རྒྱུའི་ཁྲིད་སྟོན་བྱེད་ཀྱི་རེད”ཅེས་བཤད།

    མཐར་ཉི་མ་ཚེ་རིང་དང་། ཁྱི་སྐྱག ཨོ་རྒྱན། རྡོ་རྗེ། ངག་དབང་སོགས་ལྕོག་ཙེའི་མདུན་དུ་ལངས་ནས་དཔྲལ་བ་དང་སྣ་ཁུག་སྟེང་རྔུལ་ཆུས་ཁེངས་པ་དང་མིག་ཟུང་ནས་དགའ་སྤྲོའི་མཉམ་སྣང་མངོན་བཞིན་ཡོད། ཁོང་ཚོ་བསྐོར་ནས་བསྡད་པའི་མི་ཚོས་ལག་གཉིས་མཐོན་པོར་བསྒྲེངས་པ་དེ་ནི་རང་ཉིད་ཀྱིས་བཀོལ་སྤྱོད་ཆོག་པའི་ལག་པ་ཡིན་པས་ཉིན་དེར་རང་དབང་ངང་ལག་པ་ཐེངས་དང་པོ་བསྒྲེངས་ཡོད། གཞིས་ཀ་དེའི་མདུན་དུ་ཁོང་ཚོས་དམངས་གཙོའི་འཚོ་བའི་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་པ་རེད།

    1957ལོའི་ཟླ་7ཚེས་5ཉིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཁེ་གསུམ་གྱི་ཞིང་པ་443གྱིས་བོད་ཀྱི་ཞིང་པའི་མཐུན་ཚོགས་དང་པོ་དེ་བཙུགས་ནས་མི་རབས་ནས་མི་རབས་ཀྱིས་རེ་སྒུག་བྱེད་པའི་ས་ཞིང་མུའུ་1696བགོ་འགྲེམས་བྱུང་བ་རེད། ཟླ་12ཚེས་2ཉིན་ཁེ་གསུམ་གྱིས་ཏང་ཡོན་5འཕེལ་རྒྱས་བཏང་ནས་བོད་ཀྱི་གྲོང་ཚོའི་ཏང་ཀྲི་པུའུ་དང་པོ་དེ་བཙུགས། གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཐལ་བའི་རྡུལ་དུ་བརླག་ནས་དམངས་གཙོའི་བཅོས་སྒྱུར་དེ་ས་མཐོའི་ས་གཞི་ཆེན་པོར་ཚ་ཚ་འུར་འུར་ངང་འགོ་ཚུགས་པ་རེད།

    ད་ཆ་ལོ་80ལྷག་ཙམ་ལ་སླེབས་པའི་ཚེ་རིང་སྒྲོལ་མ་ནི་ཁེ་གསུམ་གྲོང་ཚོའི་ཏང་ནང་ཞུགས་མཁན་གྱི་བུད་མེད་ཁག་དང་པོའི་གྲས་ཡིན་ཞིང་། ཁོང་གི་ཏང་ལོ་ལོ་40ལྷག་ཙམ་ཟིན་གྱི་ཡོད། ཁོང་དགུང་ལོ་མཐོ་ཡང་ཉིན་ལྟར་གཙོ་འཛིན་གྱི་སྐུ་པར་ལ་འཕྱིད་བདར་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། བོད་རྙིང་པར་ཁོང་ནི་ཞིང་བྲན་བདག་པོའི་ཕྱུགས་རྫི་ཡིན་པས་དཀའ་ངལ་མང་པོ་མྱངས་ཡོད་ཅིང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁོང་གིས་ཏང་གི་འབོད་སྐུལ་དང་དུ་བླངས་ནས་སྤྱི་ཚོགས་གསར་པའི་བྱེད་སྒོ་ཁག་ནང་ཞུགས་པ་རེད།

    2011ལོའི་ཟླ་7ཚེས་9ཉིན་ཆར་སིམ་ཁྲོད་ཀྱི་ཁེ་གསུམ་དུ་སྤྲོ་སྣང་གི་རྣམ་པས་ཁེངས་ཡོད། “བོད་ཀྱི་གྲོང་ཚོའི་ཏང་ཀྲི་པུའུ་དང་པོའི་གནའ་ཤུལ”ཡིན་པའི་ཁེ་གསུམ་གྲོང་ལྷན་ལ“བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”ཞེས་མིང་བཏགས། ཁེ་གསུམ་གྱི་ལོ་50ལྷག་ཙམ་གྱི་ལོ་རྒྱུས་དང་། གྲུབ་འབྲས། ཉམས་མྱོང་བཅས་ནི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་མཚོན་ཚུལ་ཞིག་ཡིན་ལ་བོད་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་ཆེས་ཐད་ཀར་དང་། ཆེས་གསོན་ཉམས། ཆེས་གོ་སྐོན་བློ་འགུགས་ཀྱི་ནུས་པ་ལྡན་པ་བཅས་ཀྱི་སློབ་གཞི་ཞིག་ཀྱང་ཡིན་པས་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    ཁེ་གསུམ་གྲོང་ལྷན་གྱི་རྟེན་རྫས་བཤམས་མཛོད་ཁང་ནང་བཀལ་བའི་པར་རྙིང་པ་རེ་རེའི་ཐོག་ནས་ཁེ་གསུམ་གྱི་ལོ་རྒྱུས་དངོས་མཚོན་པ་དང་། ཞིང་བྲན་ཚོའི་ཉམ་ཐག་གི་འཚོ་བ་ཇི་མ་ཇི་བཞིན་བཀོད་པ། བོད་རྙིང་པའི་སྤྱི་ཚོགས་ལམ་ལུགས་ཀྱི་གདུག་རྩུབ་དང་རྗེས་ལུས་ཐེར་འདོན་བྱས་ཡོད།

    ཁེ་གསུམ་གྱི་བོད་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལོ་ལྟར་ལྟ་སྐོར་བྱེད་མཁན་འབོར་ཆེན་ཡོང་གི་ཡོད་ཅིང་། སྲིད་གཞུང་གི་ལས་དོན་མི་སྣ་དང་། སློབ་མ། མི་སེར་དཀྱུས་མ་བཅས་སུ་ཡིན་ཡང་ཚང་མས་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་ནན་ཏན་ངང་ལྟ་གི་ཡོད།

    2013ལོར་ལྷོ་ཁ་ས་ཁུལ་གྱིས་ཁེ་གསུམ་གྲོང་ཚོ་དེ“སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར”གཏོད་རྒྱུའི་གཏན་འཁེལ་བྱས་རྗེས་ཁེ་གསུམ་གྱི་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་འཛུགས་སྐྲུན་ནང་དོན་དེ་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་པའི་ནང་གྲོང་མིའི་དུད་ཚང་208ཀྱི་ཁང་པ་སྒྱུར་བཀོད་དང་གྲོང་མིའི་དུད་ཚང་8ཀྱི་ཁང་པ་གསར་སྐྲུན། དམངས་གཙོའི་ལམ་ཆེན་དང་ཐང་ཆེན་དང་། ཕྱོགས་བསྡུས་བྱེད་སྒོའི་ལྟེ་གནས། ལན་ཆིའུ་སྤོ་ལོའི་ཐང་། སྤྱི་པའི་གསང་སྤྱོད། སྤྱི་པའི་སྒོ་ར་སྔོ་འགྱུར། རླངས་འཁོར་འཇོག་ཐང་། ཕྱུགས་ར་སོགས་ཀྱི་འཛུགས་སྐྲུན་ཚུད་པ་དང་རྣམ་གྲངས་དེ་དག་ཐད་ཁྱོན་མ་དངུལ་སྒོར་ཁྲི་3988.4བཏང་ཡོད་ཅིང་། ཐོན་ལས་འཕེལ་རྒྱས་ཐད་སྲན་ཕིང་ལས་སྣོན་བཟོ་གྲྭ་དང་། ཕག་གསོ་ར་བ། སྔོ་ཚལ་འདེབས་འཛུགས་དྲོད་ཁང་སོགས་ཡོད།

    བོད་དུ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་50ཡི་རིང་ཁེ་གསུམ་བས་མུན་ནག་དང་། རྗེས་ལུས། དབུལ་ཕོངས། བཀག་སྡོམ་བཅས་བརྒྱུད་ཡོད་ཅིང་། དེ་སྔའི“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”དེས་ད་ཆ་ཤེས་དཔལ་སྣོད་བཅུད་བཟང་བའི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད་པ་དང་འབྱོར་འབྲིང་ཕྱོགས་སུ་གོམ་གང་མདུན་སྤོས་ཀྱིས་སྐྱོད་བཞིན་མཆིས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།