[ English ] [ 中文 ]
0891-6325020
དབུ་ཤོག>ལོ་རྒྱུས་ས་ཁམས།>མི་དང་རང་བྱུང་ཁམས།
  • སྙན་གྲགས་བ་དན་ཕྱོགས་བཅུར་ཁྱབ། དེང་གི་གནའ་གྲོང་སྔར་བས་མཛེས།

    སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་ཁྱབ་པའི་གྲགས་ཅན་གྲོང་ཁྱེར་ལྷ་ས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-02-11

    ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར(གྲོང་རྡལ་དང་གྲོང་ཚོ)ཞེས་པ་ནི་རིག་དངོས་ཕུན་སུམ་ཚོགས་པོ་ཉར་ཚགས་བྱས་པ་དང་། ལོ་རྒྱུས་ཀྱི་སྐྲུན་དངོས་གཅིག་སྡུད་ཡུག་སྦྲེལ་ཡིན་པ། སྲོལ་རྒྱུན་གྱི་ཆགས་སྟངས་དང་ལོ་རྒྱུས་ཀྱི་ཉམས་འགྱུར་སོར་འཇོག་བྱས་པའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྡན་པའི་གྲོང་ཁྱེར(གྲོང་རྡལ་དང་གྲོང་ཚོ)བཅས་ལ་བརྗོད།

    350260_yis_1482209488794_s.jpg

    རང་ལྗོངས་ལ་དེ་སྔ་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་གསུམ་དང་། གྲོང་རྡལ་གཉིས་ཡོད་པའི་ཐོག་ད་ཐེངས་གྲོང་ཚོ་གསུམ་གསར་དུ་བསྣན་པ་ནི་རང་ལྗོངས་ཀྱིས་ལོ་རྒྱུས་དང་རིག་གནས་ཀྱི་དོན་སྙིང་ལྡན་པའི་གནའ་བོའི་ཡུལ་གྲོང་སྲུང་སྐྱོབ་བྱེད་པའི་རླབས་ཆེའི་གྲུབ་འབྲས་ཤིག་ཡིན་པས། གྲུབ་འབྲས་དེ་སྲ་བརྟན་གོང་འཕེལ་གཏོང་རྒྱུའི་དགོས་གལ་ཤིན་ཏུ་ཆེ།

    ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་དང་གྲོང་ཁྱེར་ནི་གནའ་བོའི་འཛུགས་སྐྲུན་གྱི་བཀོད་པ་མ་ཉམས་པ་དང་། ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་ཟབ་པ། ཡུལ་མིའི་སྡོད་ཁང་དང་གནའ་བོའི་ཁྲོམ་ལམ་སྲོལ་རྒྱུན་གྱི་རྣམ་པས་ཕྱུག་པ། ས་གནས་ཀྱི་ཁྱད་ཆོས་ཡོད་ལ་རང་བྱུང་གི་མཛེས་ལྗོངས་མ་ཉམས་པ། ཡུལ་ལུང་གི་གནའ་ཉམས་མ་ཡལ་བ་བཅས་ཀྱི་ཁྱད་ཆོས་ཚང་དགོས་ཤིང་། རང་ལྗོངས་སུའང་གནའ་གྲོང་ལྷ་སས་གཙོས་པའི་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་དང་གྲོང་ཁྱེར་ཁ་ཤས་ཐོན་ཡོད་པ་རེད།

    གནས་མཆོག་གྲོང་ཁྱེར་ལྷ་ས་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ཆོས་ལུགས་དང་རིག་གཞུང་བཅས་ཀྱི་ལྟེ་གནས་ཡིན་ཞིང་། ལོ་རྒྱུས་ཡིག་ཆར་གཞིགས་ན། དུས་རབས་བདུན་པའི་དུས་འགོ་ནས་དུས་རབས་བརྒྱད་པའི་དུས་དཀྱིལ་བར། གྲོང་ཁྱེར་དེའི་མིང་ལ་ར་ས་ཟེར་བ་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བརྩམས་པའི《སྦ་བཞེད》ཀྱི་ནང་། ལྷ་ས་ཞེས་པའི་མིང་དེ་ཐོག་མར་ཐོན་པ་དང་དེང་གི་མི་ཚོས་ཉི་འོད་གྲོང་ཁྱེར་ཞེས་འབོད་ཀྱི་ཡོད། དེ་ཡང་ར་ས་ཞེས་པའི་དོན་ནི་ལྷ་ལྡན་གཙུག་ལག་ཁང་ཐོག་མར་བཞེངས་སྐབས་ར་ལ་ས་བཀལ་ནས་འོ་ཐང་གི་མཚོ་བསུབས་པའི་ཆོ་ག་སྒྲུབ་པས་དེ་ལྟར་ཐོགས་པ་དང་། ལྷ་ས་ཞེས་པར་ཤོད་སྲོལ་མང་པོ་ཡོད་རུང་ཡོང་གྲགས་ལྟར་ན། ཡུལ་གྱི་དགེ་མཚན་ལྷ་ཡི་ཡུལ་དང་མཚུངས་པའི་ཆ་ནས་ལྷ་ས་ཞེས་སུ་འབོད། ཉི་འོད་གྲོང་ཁྱེར་ནི་དེང་གི་སྐྱེ་བོ་ཚོས་ཤེས་གསལ་ལྟར་འཛམ་གླིང་གི་ཉི་འོད་འཕྲོ་ཡུན་རིང་ཤོས་ཡིན་པའི་ཆ་ནས་དེ་ལྟར་བཏགས། དེ་གར་དབྱར་བསིལ་ལ་དགུན་དྲོ་བ་དང་། མཁའ་རླུང་གཙང་བ། ལོ་རེར་ཉི་འོད་ཕོག་ཚད་ཆུ་ཚོད་སུམ་སྟོང་ལྷག་ཙམ་ཟིན་པས་མིང་དོན་མཚུངས་པའི་ཉི་འོད་གྲོང་ཁྱེར་ཞིག་ཡིན།

    365096_yis_1486443693373_s.jpg

    དེང་གི་རྒྱལ་ཁབ་ཕྱི་ནང་གི་སྐྱེ་བོ་ཚོས་འཛམ་གླིང་ཐོག་གི་གྲོང་ཁྱེར་མཐོ་ཤོས་དང་། མཛེས་སྡུག་ལྡན་ཤོས། ཁྱད་ཆོས་ཟབ་ཤོས་བཅས་སུ་འབོད་པའི་གྲོང་ཁྱེར་འདི་ནི་སྤྱི་ལོའི་དུས་རབས་བདུན་པ་ཙམ་ནས་བཙན་པོ་སྲོང་བཙན་སྒམ་པོས་ཐུ་བོད་ས་མཐོ་གཅིག་གྱུར་བྱས་ནས་སྤུར་རྒྱལ་བཙན་པོའི་རྒྱལ་རབས་བཙུགས་རྗེས་ཕོ་བྲང་པོ་ཏ་ལ་དང་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་སོགས་དགོན་སྡེ་དང་ལྷ་ཁང་རྒྱ་ཆེར་བསྐྲུན་པ་དང་། དེ་རྗེས་ཀྱི་བཙན་པོ་རིམ་བྱོན་དང་བོད་སིལ་པོའི་དུས་ཀྱི་སྐྱེས་ཆེན་དམ་པ་ཚོའི་ཕྱག་རྗེས་ལ་བརྟེན་ནས་སེ་འབྲས་དགའ་གསུམ་དང་རྒྱུད་གྲྭ་སྡོད་སྨད་སོགས་དགོན་སྡེ་ལྷ་ཁང་དང་། བྲག་བརྐོས་རི་མོ། གནའ་བོའི་བཀའ་ཚིག་རྡོ་རིང་སོགས་རིག་གནས་ཤུལ་བཞག་གྲངས་མེད་ལ། ལག་ཤེས་བཟོ་རྩལ་དང་། རིག་གནས་སྒྱུ་རྩལ། དམིགས་བསལ་གྱི་ཡུལ་གོམས་གཤིས་ལུགས། དེ་བཞིན་རྡོ་བརྐོས་དང་། བྲག་ཕུག་ལྷ་ཁང་། བང་སོ་བཅས་སྟོང་ཁ་ལོན་ནས་རིག་དངོས་དང་མངོན་མིན་གྱི་རིག་གནས་ཤུལ་བཞག་ལས་གྲོང་ཁྱེར་ཧྲིལ་པོ་གནའ་ཉམས་དོད་པའི་མི་རིགས་ཀྱི་དམིགས་བསལ་ཡུལ་སྲོལ་གྱིས་རབ་ཏུ་ཕྱུག་པས། ལྷ་ས་གྲོང་ཁྱེར་ལ་1982ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་དང་པོའི་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་གྱི་མཚན་སྙན་སྤྲད་ཡོད། ལྷ་ས་གྲོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་62དང་དེ་གར་གནས་སྤོ་ཐུབ་པའི་རིག་དངོས་ཁྲི་10ཙམ་ཡོད་ལ། གནའ་ཤུལ་གྲགས་ཅན་གྲངས་ལས་འདས་པ་ཞིག་ཡོད་པའི་ནང་། འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་ཀྱི་ཕོ་བྲང་པོ་ཏ་ལའི་བཟོ་སྐྲུན་དང་དེའི་རིག་དངོས་ཚང་མ་ལྷ་ས་ཙམ་མ་ཟད། བོད་ཧྲིལ་པོའི་མཚོན་རྟགས་ཞིག་ཡིན། བོད་ཀྱི་བཟོ་སྐྲུན་སྒྱུ་རྩལ་གྱི་ཉིང་བཅུད་དུ་གྱུར་པའི་ཕོ་བྲང་པོ་ཏ་ལ་ནི་ལྷ་སའི་དམར་པོ་རིའི་ཆགས་དབྱིབས་དང་བསྟུན་ནས་ལྷོ་ངོས་རི་ལྡེབས་ནས་རྩེ་མོའི་བར་རིམ་བཞིན་སྐྲུན་ཡོད་ཅིང་། ད་ཆ་ང་ཚོའི་མིག་ངོར་ཡོད་པའི་ཕོ་བྲང་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་3700ལྷག་ཙམ་ཡོད་པ་དང་གཙོ་བོའི་འཛུགས་སྐྲུན་ལ་ཐོག་བརྩེགས་13དང་། མཐོ་ཚད་སྤྱི་ཁྲེ་115ཙམ་དང། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ཁྲེ་360 ལྷོ་བྱང་བར་སྤྱི་ཁྲེ་270 ཁང་མིག་1000 འཛུགས་སྐྲུན་རྒྱ་ཁྱོན་ལ་སྤྱི་ཁྲེ་ངོས་གྲུ་ཁྲི་13ཙམ་བཅས་ཡོད་ལ། ཕོ་བྲང་དཀར་དམར་གཉིས་ལས་གྲུབ་པའི་ཕོ་བྲང་དཀར་པོ་ནི་སྤྱི་ལོ་1648ལོར་བཞེངས་པ་དང་ཕོ་བྲང་དམར་པོ་ནི་སྤྱི་ལོ་1696ལོར་བཞེངས་ཏེ་དཀར་དམར་སྤེལ་མའི་ཁང་ཚོགས་དག་མཛེས་ཤིང་བཀྲག་མདངས་ཆེ་ལ་རྔམ་བརྗིད་དང་ལྡན་པ་ཞིག་ཡོད། ད་དུང་ཕོ་བྲང་གི་རྩེ་མོར་ཉམས་འགྱུར་མི་འདྲ་བའི་གསེར་ཟངས་ཀྱི་རྒྱ་ཕིབས་དྲུག་བཀལ་ཡོད་པའི་སྣེ་མོ་བཞིར་ཆུ་སྲིན་དང་གདུང་རིང་གི་སྟེང་དུ་བྱ་ཤང་ཤང་དང་གན་ཇི་རས་བརྒྱན་པ་དང་། གསེར་ཟངས་ཀྱི་རྒྱལ་མཚན་སྟར་ཕྲེང་བསྒྲིགས་ནས་གསེར་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད།

    ནང་ངོས་ཀྱི་བརྐོས་དཀྲོལ་དང་ལྡེབས་རིས་ནི་དེ་བས་ཀྱང་ངོ་མཚར་འབུམ་གྱིས་ཕྱུག་པ་དང་ཀ་འཕན་དང་། གདུང་ཁེབས། རྒྱལ་མཚན་ལ་སོགས་པ་ཆོས་རྫས་དུ་མས་ལེགས་པར་བརྒྱན་ཏེ་མཛེས་ཤིང་ལྟ་ན་སྡུག་ལ། རིན་བྲལ་གྱི་རིག་དངོས་དུ་མས་བྱུར་པོར་གཏམས་ཏེ་ལོ་རྒྱུས་དང་རིག་གནས་ཀྱི་རྟེན་མཛོད་ཁང་ཞིག་དང་གཉིས་སུ་མེད།

    ཕོ་བྲང་པོ་ཏ་ལའི་ཕྱིའི་བཀོད་པ་མཛེས་ལ་རྔམ་བརྗིད་དང་ལྡན་པ་དང་ནང་དུ་རིག་དངོས་ཀྱི་དཔངས་མཐོ་བས། འཛམ་གླིང་ཐོག་གཉིས་སུ་མེད་པའི་རིག་གནས་ཤུལ་བཞག་ཅིག་ཏུ་གྱུར་སྟབས། ཕོ་བྲང་པོ་ཏ་ལ་དེ་ཉིད་1961ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་བདམས་པ་དང་སྤྱི་ལོ་1994ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་རིག་གནས་ཚན་རིག་རྩ་འཛུགས་ཀྱིས་འཛམ་གླིང་རིམ་པའི་རིག་དངོས་ཤུལ་བཞག་ཏུ་གཏན་འཁེལ་བྱས། ཕོ་བྲང་པོ་ཏ་ལ་ནི་ང་ཚོས་འཛམ་གླིང་ཡོངས་ལ་ངོམས་སུ་ཆོག་པའི་སྤོབས་པ་དང་གཟི་བརྗིད་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད།

    365097_yis_1486443693669_s.jpg

    ལྷ་སའི་གྲོང་ཁུལ་རྙིང་པའི་ལྟེ་བར་གནས་པའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ཏེ། སྤྱི་ལོ་639ལོར་བལ་བཟའ་ཁྲི་བཙུན་གྱིས་བཞེངས་པ་དང་། ཕྱིས་སུ་ཉམས་གསོ་ཡང་ཡང་བྱས་རྗེས། ད་ཆ་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་25000ཡོད་པ་དང་ས་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་130000ཡོད་པའི་གཙུག་ལག་ཁང་ཞིག་ཡིན་པ་དང་། དེའི་ནང་རྒྱ་བཟའི་རྟེན་སྐལ་སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དང་ལྡན་པ་དེ་དང་། བཙན་པོ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན། དེ་བཞིན་གྲུབ་མཐའ་རིས་མེད་ཀྱི་ལི་མ་དང་། གསེར་ཟངས། སྨན་འདམ་སོགས་ཀྱི་སྐུ་བརྙན་ཆེ་ཆུང་བརྒྱ་ཕྲག་འགའ་དང་རིན་ཆེན་གསེར་དངུལ་དང་མཚལ་སོགས་ཀྱིས་བྲིས་པའི་བཀའ་བསྟན་གྱི་གསུང་རབ་གླེགས་བམ་ཁག རྩ་ཆེའི་ཞལ་ཐང་། མཆོད་པའི་ཡོ་བྱད། རྩ་ཆེའི་ལྡེབས་རིས་རྙིང་པ་སོགས་རིག་དངོས་ཀྱིས་ཁེངས་པ་མ་ཟད། ལྟེ་བའི་འཛུགས་སྐྲུན་ལ་ཐོག་བརྩེགས་གསུམ་དང་ཕྱོགས་བཞིའི་ཟུར་ལྕོག་རྣམས་དང་བཅས་ཐོག་བརྩེགས་བཞི་ཡོད་པའི་ཐོག་གསེར་ཟངས་ཀྱི་རྒྱ་ཕིབས་དང་། རི་དྭགས་ཆོས་འཁོར། རྒྱལ་མཚན་བཅས་ཀྱིས་བརྒྱན་ཡོད། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ནི་བོད་ཀྱི་ལོ་རྒྱུས་ཐོག་གལ་ཆེའི་གནས་བབ་ཡོད་པས། 2000ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་རིག་གནས་ཚན་རིག་རྩ་འཛུགས་ཀྱིས་ཕོ་བྲང་པོ་ཏ་ལའི་འཛམ་གླིང་རིག་དངོས་ཤུལ་བཞག་གི་རྒྱ་བསྐྱེད་རྣམ་གྲངས་ཀྱི་ངོས་ནས《འཛམ་གླིང་གི་ཤུལ་བཞག་མིང་གཞུང》ནང་བཀོད་དེ་འཛམ་གླིང་རིམ་པའི་རིག་དངོས་ཤུལ་བཞག་ཞིག་ཏུ་གྱུར་བ་རེད།

    སྤྱི་ལོ་1988ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་ཚུད་པའི་ནོར་བུ་གླིང་ག་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་དུས་ཏེ་སྤྱི་ལོ་1753ལོར་བསྐྲུན་ཞིང་། བོད་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྐྱེད་མོས་ཚལ་ཞིག་ཡིན་པ་དང་། ལོ་ངོ་ཉིས་བརྒྱ་ཙམ་རིང་རྒྱ་བསྐྱེད་བྱས་པ་བརྒྱུད་ས་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ཁྲི་36ཟིན་པ་དང་སྐྱེ་དངོས་རིགས་100ལྷག་ཙམ་ཡོད་པའི་ནང་། ལྷ་ས་ཁུལ་གྱི་ཤིང་སྣ་དང་མེ་ཏོག་ཡོད་པ་མ་ཟད། རི་བོ་ཧི་མ་ལའི་ལྷོ་ཕྱོགས་ཀྱི་རྩ་ཆེའི་ཤིང་སྣ་དང་། ནང་ས་དང་རྒྱལ་ཁབ་ཕྱིའི་མིང་གྲགས་ཆེ་བའི་མེ་ཏོག་བཅས་ཡོད་པས་བོད་ཀྱི་གཞི་རྒྱ་ཆེ་ཤོས་ཀྱི་མི་བཟོས་སྤྱི་གླིང་ཞིག་དང་། ཡུལ་ལྗོངས་མཛེས་ཤོས། གནའ་ཤུལ་མང་ཤོས་བཅས་ཀྱི་སྤྱི་གླིང་ཞིག་ཡིན། དེ་གར་སྐལ་བཟང་ཕོ་བྲང་དང་། གྲུ་འཛིན་ཕོ་བྲང་། སྤྱན་གསལ་ཕོ་བྲང་། རྟག་བརྟན་མི་འགྱུར་ཕོ་བྲང་སོགས་འཛུགས་སྐྲུན་གྱི་བཀོད་པ་ཕུན་སུམ་ཚོགས་ལ། ནང་བཅུད་རྩ་ཆེའི་རིག་དངོས་ཀྱིས་གཏམས་པའི་གནའ་བོའི་སྐྱེད་མོས་ཚལ་ཞིག་ཡིན་པ་དེར་དེ་སྔ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དབྱར་བཞུགས་ཕོ་བྲང་ཡིན་པའི་ཆ་ནས། སྤྱི་ལོ་2001ལོར་ཕོ་བྲང་པོ་ཏ་ལའི་རྒྱ་བསྐྱེད་རྣམ་གྲངས་སུ་བརྩིས་ནས་འཛམ་གླིང་གི་རིག་དངོས་ཤུལ་བཞག་གི་མིང་གཞུང་ནང་བཀོད་པ་དང་། ནོར་བུ་གླིང་གའི་བཟོ་སྐྲུན་བཀོད་པ་ལས་བོད་རིགས་མི་དམངས་ཀྱི་བློ་གྲོས་མཚོན་ལ་སྒྱུ་རྩལ་གྱི་ཉིང་བཅུད་ཀྱང་འདུས་ཡོད།

    མི་ལོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་ས་གྲོང་ཁྱེར་ནི་ད་ཆ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེ་ཤོས་བྱེད་པའི་ས་མཐོའི་གྲོང་ཁྱེར་ཅིག་ཏུ་གྱུར་བ་དང་། མི་རྣམས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ལ། དེ་གའི་ལོ་རྒྱུས་རིག་གནས་ནི་ས་མཐོའི་ཉི་འོད་དང་མཚུངས་པར་འཛམ་གླིང་ཡོངས་ལ་འཕྲོ་བཞིན་ཡོད། མདོར་ན། ལྷ་ས་གྲོང་ཁྱེར་ནི་ལོ་རྒྱུས་རིང་ཞིང་། རིག་གནས་ཀྱི་གྲུབ་ཆ་ཕུན་སུམ་ཚོགས་པ། གནའ་ཤུལ་སྣ་ཚོགས་ཀྱིས་ཡོངས་སུ་ཕྱུག་པའི་གྲོང་ཁྱེར་ཞིག་ཡིན་སྟབས། འཛམ་གླིང་རིམ་པའི་གྲགས་ཅན་གྲོང་ཁྱེར་གྱི་མིང་གཞུང་ནང་འཁོད་རྒྱུའི་རེ་ཞུ་བྱེད་བཞིན་པ་ནི་གདེང་ཚོད་ཀྱིས་ཕྱུག་པའི་གདམ་ག་ཞིག་རང་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།