[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།
  • ལྷ་སའི་གྲོང་གསེབ་ཏུ“གཉེན་འཕྲད”བྱས་པའི་ཟིན་ཐོ།

  • ཡོང་ཁུངས།   ​ མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། པའེ་ཧྲའོ་པོས།    |    སྤེལ་དུས།   2017-01-09

    དགུན་དུས་ཀྱི་ཞོགས་པར་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱང་ངོས་སུ་གནས་པའི་སྙེ་མོ་རྫོང་ལྷུན་སྒང་གྲོང་ཚོ་ན་བུན་གྱིས་བཏུམས། གྲོང་མི་བསྟན་འཛིན་པད་སྒྲོན་གྱིས་ཁྱིམ་དུ་གཙང་སྦྲ་ལེགས་པར་བྱས་ཏེ་གྲོང་ཁྱེར་ནས་ཡོང་བའི“གཉེན་ཉེར”བསུ་བ་ཞུ་རྒྱུའི་གྲ་སྒྲིག་བྱས། དྲོ་སྐྱིད་ལྡན་པའི་མགྲོན་བསུ་ཁང་ནང་ཇ་བསྲུབས་མའི་དྲི་ཞིམ་ལྷང་ལྷང་དུ་འཐུལ།

    ཉེ་དུས་བོད་རང་སྐྱོང་ལྗོངས་ཀྱིས“ཏང་ཡོན་ལས་བྱེད་པའི་ཆ་སྒྲིག་གཉེན་འཚོལ”གྱི་བྱེད་སྒོ་སྤེལ་ནས་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཡོན་28ཀྱིས་སྙེ་མོ་རྫོང་ལྷུན་སྒང་གྲོང་ཚོ་དང་། གམ་པ་རྫོང་གནས་གྲོང་ཚོ་དང་ཐེབ་པོ་གོང་གྲོང་ཚོའི་ཞིང་འབྲོག་མང་ཚོགས་དུད་ཚང་53དང“གཉེན་ཉེ”སྒྲིག་པ་རེད། ཉིན་དེར་ཏང་ཡོན་6གིས་གྱོན་གོས་དང་། འབྲུ་རིགས། ཇ་བག་ཆུང་སོགས་སྒོར་8000རི་བའི་དངོས་པོ་དང་དངུལ་སྨར་གྲ་སྒྲིག་བྱས་ཏེ། ཆེད་མངགས་ལྷ་ས་ནས་ལྷུན་སྒང་གྲོང་ཚོར“གཉེན་འཕྲད”དུ་བསྐྱོད།

    བསྟན་འཛིན་པད་སྒྲོན་ནི་ཕྲུ་གུ་གཉིས་ཡོད་པའི་ཨ་མ་ཞིག་ཡིན་པ་དང་། 2013ལོར་ཆ་སྒྲིག་གཉེན་འཚོལ་བྱེད་སྒོ་སྤེལ་རིང་ཁོང་དང་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཞུང་ལས་ཁང་གི་ཀྲུའུ་རེན་ལྷག་པ་སྒྲོལ་མ་གཉེན་ཉེར་གྱུར། ལྷག་པ་སྒྲོལ་མ་དེ་སྔ་ཁོང་གི་ཁྱིམ་དུ་ཉིན་7བསྡད་དེ་བསྟན་འཛིན་པད་སྒྲོན་ཁྱིམ་གྱི་འཚོ་བའི་གནས་ཚུལ་དང་དགོས་མཁོ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། གྲོང་ཁྱེར་ནང་གི“གཉེན་ཉེ”ཡོང་བ་མཐོང་སྐབས། བསྟན་འཛིན་པད་སྒྲོན་དགའ་ཐག་ཆོད་དེ་ཇ་བསྲུབས་མ་ཡང་ཡང་བཀྱག

    ལྷག་པ་སྒྲོལ་མའི“གཉེན་ཉེ”གཞན་དེ་དབང་ཕྱུག་ཡིན་པ་དང་། ཁོང་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་ཡོད་ནའང་ཕྲུ་གུ་གཉིས་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་ཡོད་པས་ད་ཆ་ཕུལ་བྱུང་གི་སྦྱངས་འབྲས་ཐོག་ནས་པེ་ཅིང་དང་ནན་ཅིང་གི་སློབ་ཆེན་སོ་སོར་ཚུད་ཡོད།

    དབང་ཕྱུག་གིས་ལྷག་པ་སྒྲོལ་མའི་ལག་ནས་བཟུང་སྟེ“དེ་དག་ཚང་མ་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྲུ་གུ་གཉིས་ལ་སློབ་ཡོན་མི་དགོས་པའི་སློབ་གསོ་དང་ལེན་བྱེད་རྒྱུ་བྱུང་བ་མ་ཟད། སློབ་ཆེན་གྱི་སློབ་ཡོན་ཡང་རྫོང་གིས་སྤྲོད་ཀྱི་ཡོད། ཏང་གི་འགོ་ཁྲིད་འོག་ཆ་རྐྱེན་དང་གོ་སྐབས་བཟང་པོ་དེ་ལྟ་བུ་ཡོད། ད་ཆ་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་བྱེད་དགོས་མེད། ལས་ཀ་ཤུགས་ཆེན་པོ་བྱེད་མི་ཐུབ་རུང་ཙག་ཙིག་ཁག་གཅིག་བྱེད་ཐུབ་ཀྱི་འདུག་པས། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ཏེ་ཏང་གི་བཀའ་དྲིན་འཇལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་རང་གི་སེམས་ནང་གི་སྐད་ཆ་བཤད།

    བདེ་ཆུང་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྒྲིག་འཛུགས་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲུའུ་ཡན་ལི་དང“གཉེན་ཉེར”གྱུར་ཡོད། གྲོང་ཁྱེར་ནང་ནས་ཡོང་བའི་རྒྱ་རིགས“གཉེན་ཉེས”འདས་ཟིན་པའི་འཚོ་བ་དང་ད་ཆའི་འཚོ་བའི་སྐོར་གླེང་སྐབས། ལོ་70ལྷག་ཙམ་ལ་སོན་པའི་བདེ་ཆུང་གི་པ་ཕའི་མིག་མཆི་མས་ཁེངས། ཀྲུའུ་ཡན་ལིས་བགྲེས་སོང་གི་མིག་ཆུ་འཕྱིས་བཞིན་དུ“གཟུགས་པོར་ངེས་པར་དུ་བདག་གཅེས་བྱེད་དགོས། འབྱུང་འགྱུར་དེ་བས་ལེགས་པའི་འཚོ་བ་ཡག་པོས་ང་ཚོ་སྒུག་བསྡད་ཡོད། དུས་རྟག་ཏུ་ཁྱེད་ལ་ལྟ་བར་ཡོང་ནས་ང་ཚོ་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཆོག”ཅེས་བཤད།

    བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་རྒྱ་མཚོ་ལྷ་མོས“གཉེན་ཉེ”དུད་ཚང་4ལ་འཚམས་འདྲི་བྱས་ནས“གཉེན་ཉེ”ཚོ་དང་ཅི་འཕྲོས་མོལ་འཕྲོས་ཀྱིས་ཁོང་ཚོའི་འཚོ་བ་དང་བསམ་བློའི་གནས་ཚུལ་ཤེས་རྟོགས་བྱས་པ་རེད། “ཏང་གི་དམངས་ཕན་སྲིད་ཇུས་ཀྱིས་ཚང་མ་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོད་པས། སྒུག་རྟེན་སློང་གསུམ་མ་བྱས་པར། ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ང་ཚོ་དབུལ་སྒྲོལ་ཐུབ་ནས་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་རྒྱུ་རེད”ཅེས་པའི་སྐད་ཆ་དེ་རྒྱ་མཚོ་ལྷ་མོས་ཐེངས་མང་ཤོད་ཀྱི་ཡོད།

    བོད་རང་སྐྱོང་ལྗོངས་ཀྱིས“ཏང་ཡོན་ལས་བྱེད་པའི་ཆ་སྒྲིག་གཉེན་འཚོལ”གྱི་བྱེད་སྒོ་སྤེལ་བའི་རིང་གཅིག་སྡུད་ཐོག་བཅར་འདྲི་དང་འཚམས་འདྲི་བྱས་པ་དང་ཆབས་ཅིག་ཏང་ཡོན་ལས་བྱེད་པ་ཚང་མས“གཉེན་ཉེ”ཚོའི་ཁ་པར་ཨང་གྲངས་དང་སྐད་འཕྲིན་སོགས་ཉར་ཚགས་བྱས་ཏེ། དུས་ངེས་མེད་ཐོག་ཁོང་ཚོའི་དཀའ་ངལ་དང་དགོས་མཁོ་ཤེས་རྟོགས་ཀྱིས་ཁོང་ཚོའི་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་རྒྱུར་རོགས་རམ་ཤུགས་ཆེན་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།