[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ལས་མིའི་ལྡུམ་རྭ།
  • སོ་སྨན་ཆུང་ཆུང་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱུང་བའི་ཐུབ་བསྟན་ཉི་མ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    བོད་རིགས་མང་ཚོགས་ཁྲོད་སྔར་ནས་སྨན་རྩྭ་བསྐོལ་ཏེ་ཁ་འཁྲུ་བ་དང་སོར་བདག་གཅེས་བྱེད་པའི་གོམས་གཤིས་ཡོད། བོད་ཀྱི་གསོ་བ་རིག་པའི་ཤེས་བྱ་ཀུན་བཏུས་ཆེ་མོ་ཞེས་སུ་བརྗོད་པའི་སྨན་གཞུང《རྒྱུད་བཞིའི》ནང“སེང་སྲོམ་གྱི་ལོ་མ་དང་། ཨ་རུ་ར། ནག་ཚུར་བཅས་བསྐོལ་ནས་ཁ་བཀྲུས་ཚེ་ཁའི་ནང་ནས་ཁྲག་དོན་པའི་ནད་གཞི་བཅོས་ཐུབ”ཅེས་སྔ་ས་ནས་འཁོད་ཡོད་མོད། འོན་ཀྱང་གནད་དོན་དེ་ཉེ་བའི་ལོ་ཤས་རིང་གཞི་ནས་བོད་རིགས་ཕོ་གསར་ཐུབ་བསྟན་ཉི་མས་རྒྱུད་བཞིའི་ནང་ནས་ཤེས་རྟོགས་ཐུབ་ནས་དེ་སྨན་སྦྱོར་དུ་བྱས་ནས་ཁ་ནད་བདེ་ཐང་དང་བདག་གཅེས་ལ་དོ་ཁུར་བྱེད་པའི་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱེད་འགོ་ཚུགས་པ་རེད།

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནས་ཐོན་པའི་ཐུབ་བསྟན་ཉི་མ་ནི་སྨན་པ་དཀའ་བཅུ་པའི་ལས་གཉེར་གྱི་ཐོབ་ཐང་ལག་འཁྱེར་ལྡན་པའི་བོད་ལུགས་གསོ་རིག་སྨན་པ་ཞིག་ཡིན་ཞིང་། ཁོག་ནད་ཚན་ཁག་དང་། བྱིས་ནད་ཚན་ཁག ཕྱི་ནད་ཚན་ཁག་སོགས་ཀྱི་སྨན་བཅོས་ལག་རྩལ་ལ་མཁས་པོ་ཡོད། ཆུང་དུས་ནས་རང་ཉིད་གམ་གྱི་གཉེན་ཉེ་སོ་ན་བ་དང་ཁ་སྦུག་ནད་མང་པོ་ཐོན་པ་མཐོང་མྱོང་ཡོད་སྟབས་སྨན་པ་ཆགས་རྗེས་སྨན་པའི་བྱམས་སྙིང་རྗེའི་སེམས་ཀྱིས་སྐུལ་ནས་གཉེན་ཉེར་ཕན་བདེ་སྐྲུན་དགོས་པ་སེམས་སུ་འཁོར།

    “ཁ་སྦུག་འཕྲོད་སྦྱོར་དོ་སྣང་བྱས་ཚེ་སོ་ན་བའི་ནད་གཞི་མང་པོ་ཞིག་ཉུང་དུ་གཏོང་ཐུབ”དེར་བརྟེན་ཐུབ་བསྟན་ཉི་མས་རང་ཉིད་ཀྱི་ཆེད་ལས་ལ་བརྟེན་ནས་བོད་རིགས་མང་ཚོགས་ལ་འཚམ་པའི་སོ་སྨན་ཞིག་གསར་གཏོད་བྱ་རྒྱུའི་སེམས་ཐག་བཅད། བྱ་བ་ཐམས་ཅད་ཐོག་མར་སྒྲུབ་སྐབས་དཀའ་ཚེགས་ཆེ་ཞེས་པ་ལྟར་ཐུབ་བསྟན་ཉི་མས་ཐོག་མར་ལས་གཏོད་བྱེད་སྐབས་མ་དངུལ་མེད་ལ་རྒྱབ་སྐྱོར་བྱེད་མཁན་ཡང་མེད་པས་ཚང་མ་རང་ཉིད་ཀྱི་དད་སེམས་ལ་བརྟེན་ནས་མཐའ་འཁྱོངས་བྱེད་དགོས་བྱུང་ཡོད། གསོ་བ་རིག་པའི་དཔེ་རྙིང་ལྟ་བ་དང་། ཁེངས་སྐྱུངས་ངང་བཅར་འདྲི་བྱེད་པ། རི་སྟེང་དུ་རྩྭ་སྨན་འཐུ་བ། ནད་ཐོག་ཚོད་ལྟ་བྱེད་པ་བཅས་ཆུང་ས་ནས་བརྗོད་ན་སོ་སྨན་གྱི་ཚོང་རྟགས་དང་ཡི་གེ་བར་དང་། ཆེ་ས་ནས་བརྗོད་ན་ཐོན་རྫས་ཀྱི་བཀོལ་སྤྱོད་ཆོག་པའི་ཞིབ་འཇུག་སྙན་ཞུ་ཚང་མ་ཁོང་རང་ཉིད་ཀྱིས་ལག་པ་འགུལ་ནས་ལེགས་སྒྲུབ་བྱས་ཡོད། མཐར་2015ལོར་གཙང་སྦྲ་དང་ཁྲག་འགོག་ནུས་པ་ལྡན་པའི་བོད་ལུགས་གསོ་རིག་གི་སོ་སྨན་ཞིག་རང་བརྟེན་ཞིབ་བཟོ་ལེགས་གྲུབ་བྱུང་བ་དང“བོད་ཀྱི་སྔོ་སྨན་གྱི་སོ་སྨན”གྲུབ་འབྲས་ཐོན་པའི་ངང་ཞིབ་སྤེལ་བྱས་པ་དེས་བོད་དུ་སོ་སྨན་གྱི་སྤུས་རྟགས་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་པ་རེད།

    སོ་སྨན་གྱི་ཐོན་རྫས་དེ་མ་གཞི་རགས་ཙམ་གྲུབ་ཡོད་མོད། འོན་ཀྱང་བྲིན་ཚོང་ཐབས་ལམ་མེད། “བོད་སྨན་གྱི་སོ་སྨན་དེ་འདྲ་ཞིག་ཡོད་པ་མི་གཞན་གྱིས་ཤེས་ཀྱི་མེད་པའི་ཁར་ཉེ་འཁོར་གྱི་གྲོགས་པོ་མང་པོས་ཐོན་རྫས་ཀྱི་མདུན་ལམ་ལ་དོགས་པ་བྱེད་ཀྱི་འདུག”ཅེས་ཐུབ་བསྟན་ཉི་མས་གསར་འགོད་པར་བརྗོད། ཁྲོམ་རའི་ཐོག་བརྟག་ཞིབ་བྱས་པ་བརྒྱུད་ཐུབ་བསྟན་ཉི་མས་ཐོན་རྫས་ཀྱི་འདུས་ཚད་ནས་ཐུམ་སྒྲིལ་བར་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ་སྲིད་གཞུང་གི་རྒྱབ་སྐྱོར་འོག་སྒོ་རྩིས་ཚོང་ཁང་དང་ཕྱིར་ཚོང་གི་གྲོས་མཐུན་ཡི་གེ་བཞག་པ་རེད། 2016ལོར་ཐུབ་བསྟན་ཉི་མར་བརྡ་ཆའི་ལས་ལ་གཞོལ་མཁན་ལྷའུ་ཀུན་དགའ་ངོ་ཤེས་པ་དང་ཁྲོམ་ར་གསར་འབྱེད་དང་སྤུས་རྟཌ་ཀྱི་གཉེར་སྐྱོང་ནུས་པ་ཆེན་པོ་ལྡན་པའི་ལྷའུ་ཀུན་དགའ་ཁོང་གི་མཉམ་ལས་རོགས་ཟླར་གྱུར་བ་རེད། ད་ཆ་ཐུབ་བསྟན་ཉི་མ་དང་ཁོང་གི་ཚོགས་པས་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་ལྡན་པའི་སྨན་སྦྱོར་རིཌ་3དང་སོ་སྨན་རིགས་མི་འདྲ་བ་5ཞིབ་འཇུག་གསར་སྤེལ་བྱས་ཡོད་པ་དེའི་ནང་ཆེད་མངགས་བྱིས་པར་བཟོས་པའི་ཁྱུར་མིད་བཏང་ཆོག་པའི་སོ་སྨན་ཚུད་ཡོད་པ་རེད། ཐོན་རྫས་དེ་དག་ནི་བོད་སྨན་སྨན་རྒྱུའི་རིཌ་པའི་གཞུང་ལུཌ་དང་དེང་རབས་ཚན་རྩལ་གྱི་ལག་རྩལ་ཟུང་འབྲེལ་བྱས་པའི་གྲུབ་འབྲས་ཤིག་ཡིན་པས་དོན་དམ་པའི་ཐོག་ནས་བོད་ཀྱི་གསོ་བ་རིག་པའི་རིག་གནས་དང་ལག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་རེད།

    འབྱུང་འགྱུར་སྐོར་གླེང་སྐབས་ཐུབ་བསྟན་ཉི་མར་ད་དུང་ཕུགས་འདུན་དེ་བས་ཆེ་བ་ཞིག་ཡོད་ཅིང་། ཁོང་གིས“ཐོག་མར་སྲིད་གཞུང་གིས་པའེ་དབྱི་སྒོ་རྩིས་ཚོང་ཁང་ནང་ལོ་གསུམ་གྱི་རིན་མེད་ཚོང་སྒྲོམ་མཁོ་འདོན་བྱས་པས་གཞི་ནས་ལྗོངས་ནང་ཁུལ་གྱི་ཁྲོམ་རའི་སྒོ་མོ་འབྱེད་ཐུབ་བྱུང་། ད་ཆ་ངས་སོ་སྨན་གྱི་མ་བཅོས་རྒྱུ་ཆའི་ཉོ་སྒྲུབ་དང་ཐོན་རྫས་ཀྱི་ཕྱིར་ཚོང་ལ་བརྟེན་ནས་མི་དེ་བས་མང་བར་ཕྱུག་འགྱུར་གྱི་གོ་སྐབས་མཁོ་འདོན་བྱས་ཏེ་སོ་སྨན་ཆུང་ཆུང་དེར་བརྟེན་ནས་ཕུགས་འདུན་ཆེན་པོ་མངོན་འགྱུར་ཐུབ་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།