[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • བོད་དུ་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་དང་གྲོང་རྡལ་14མང་དུ་སོང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

     ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་སོགས་ཤང(གྲོང་རྡལ)6བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གྲགས་ཅན་དང་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོ་སོགས་གྲོང་ཚོ་8བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན་ལ་གཏན་འཁེལ་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།

    བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། བོད་ཀྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་རིག་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་འཛིན་སྐྱོང་སྤེལ་གསུམ་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་སྔར་བས་ཡག་པོ་བྱ་ཆེད། བོད་ཀྱི་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་དཔྱད་འདེམས་ལས་དོན་དེ་སྔར་ཡོད་རྣམ་པ་རང་སོར་འཇོག་ཚད་དང་། ལོ་རྒྱུས་ཀྱི་རིན་ཐང་། ཡུལ་སྲོལ་ཁྱད་ཆོས་སོགས་ཚད་གཞིར་བཟུང་ནས་རེ་ཞུ་་དཔྱད་འདེམས་བྱས་པ་དང་། ས་ཁུལ་ག་གེ་མོའི་ཁྱད་ཆོས་དང་ཡུལ་སྲོལ་མཚོན་ཡོད་མེད་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་བཟོ་བཀོད་ཀྱི་ལག་རྩལ་དང་། བཟོ་བཀོད་ཤུལ་བཞག རིག་དངོས་གནའ་ཤུལ། སྲོལ་རྒྱུན་རིག་གནས་བཅས་ཅུང་གཅིག་སྡུད་ངང་གནས་པ་མཚོན་པ་སོགས་ཀྱི་ནང་དོན་མང་པོ་ཚུད་ཡོད་ཅེས་བརྗོད།

    འབྲེལ་ཡོད་ཀྱི་འགན་འཁུར་བས་བརྗོད་པ་ལྟར་ན། ད་རེས་དཔྱད་འདེམས་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གྲགས་ཅན་ནང་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་འདྲེན་ཐང་གྲོང་རྡལ་དང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་ལྕེ་བདེ་ཞོལ་གྲོང་རྡལ། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་འཇང་མི་རིགས་ཤང་། ལྷོ་རོང་རྫོང་གི་ཤོ་པ་གྲོང་རྡལ། ནག་ཆུ་ས་ཁུལ་ནག་ཆུ་རྫོང་གི་རྟ་ཆེན་ཤང་། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་མཐོ་ལྡིང་གྲོང་རྡལ་བཅས་ཚུད་ཡོད་པ་རེད།

    གཞན་ཡང་། དཔྱད་འདེམས་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན་ནང་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་སྟག་གདོང་གྲོང་ཚོ་དང་། ཆུ་ཤུར་རྫོང་ཚལ་སྣ་ཤང་གི་ཚལ་སྣ་གྲོང་ཚོ། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་གི་གླིས་ཐོག་གྲོང་ཚོ་དང་། འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་གྱི་སྐམ་ཐོག་གྲོང་ཚོ། མཛོ་སྒང་རྫོང་སྟོབས་འབར་ཤང་གི་བཅུད་གཡང་གྲོང་ཚོ། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་གི་ཐའེ་ཀྲའོ་གྲོང་ཚོ། ནག་ཆུ་ས་ཁུལ་ཉི་མ་རྫོང་འོམ་བུ་ཤང་གི་ལྷོ་ཕྱོགས་སྡེ་ཁུལ་གྲོང་ལྷན། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་གྱི་འཁོར་ཆགས་གྲོང་ཚོ་བཅས་ཚུད་ཡོད་པ་རེད།

    འབྲེལ་ཡོད་ཀྱི་འགན་འཁུར་བས་སྡོད་ཁང་འཛུགས་སྐྲུན་པུའི་བླང་བྱ་ལྟར་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་གནས་ཡུལ(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་རྫོང(ཆུས)མི་དམངས་སྲིད་གཞུང་གིས་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་སྲུང་སྐྱོང་དང་འཆར་འགོད་ཀྱི་འཛུགས་སྐྲུན་དོ་དམ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་སྲུང་སྐྱོང་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པ། སྲུང་སྐྱོང་བྱེད་ཐབས་ནུས་ལྡན་སྤྱོད་པ། གང་འདོད་དུ་བཤིག་པ་དང་འཛུགས་སྐྲུན་དང་རྨོངས་ཚོད་ཀྱིས་གསར་སྤེལ་གཏན་འགོག་བྱེད་པ། སྲུང་སྐྱོང་འཆར་འགོད་དང་འགལ་བའི་བྱེད་སྤྱོད་འགོག་པ་བཅས་བྱས་ཏེ་རིག་གནས་ཤུལ་བཞག་གི་ལོ་རྒྱུས་ཆ་འཕྲིན་དང་ཐུན་མོང་མིན་པའི་རིན་ཐང་ཉར་ཚགས་དང་རྒྱུན་འཛིན་ནུས་ལྡན་གྱིས་སླར་གསོ་བྱེད་ཐབས་བྲལ་བའི་ལོ་རྒྱུས་རིག་གནས་ལྡན་པའི་གྲང་ཚོ་དང་གྲོང་རྡལ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་བརྗོད།

    དེ་གོང་། བོད་དུ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་ཁྱེར་གྲགས་ཅན་3དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་རྡལ་གྲགས་ཅན་2 ཀྲུང་གོའི་ལོ་རྒྱུས་རིག་གནས་ལྡན་པའི་གྲོང་ཚོ་གྲགས་ཅན་3བཅས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།