[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • མཚོ་གཉིས་རྫོང་གི་ཤང་གསུམ་གྱི་འབྲོག་པ་གོང་དཀར་རྫོང་དུ་དབུལ་སྐྱོར་གནས་སྤོ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-10

    ནག་ཆུ་ས་ཁུལ་དབུལ་སྐྱོར་གཞུང་ལས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཤེས་རབ་རྒྱ་མཚོས་གསར་འགོད་པར་མཚོ་གཉིས་རྫོང་གི་ས་བབ་མཐོ་ཚད་སྨི་4900ཡན་ཟིན་པའི་དཀར་མཚོ་ཤང་དང་། ཡག་ཆུ་ཤང་། མཚོ་སྦྲེལ་བྱང་མ་ཤང་བཅས་ཤང་གསུམ་གྱི་དུད་ཚང་714ཡི་འབྲོག་པ་3018རྣམས་མིག་སྔར་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོའི་གནས་སྤོས་ཁུལ་དུ་སྤོ་རྒྱུའི་གཏན་འཁེལ་བྱས་པ་དང་། གནས་སྤོས་ལས་དོན་ལོ་གཅིག་ནང་བསྒྲུབ་རེ་ཡོད། གནས་སྤོས་རྗེས་དེ་སྔའི་ཤང་གསུམ་གྲོང་རྡལ་གཅིག་དང་གྲོང་ཚོ་གསུམ་ལ་ཟླ་སྒྲིལ་གཏོང་རྒྱུ་རེད་ཅེས་བརྗོད་བྱུང་། 

    “ཤང་གསུམ་གྱི་འབྲོག་པ་གནས་སྤོས་རྗེས་སྲོལ་རྒྱུན་གྱི་འབྲོག་ལས་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མུ་མཐུད་རྒྱུན་འཛིན་བྱེད་ཆོག་པའི་ཁར། དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་ལོངས་སུ་སྤྱོད་ཆོག་གི་ཡོད”ཅེས་ཤེས་རབ་རྒྱ་མཚོས་གསར་འགོད་པར་བརྗོད་པ་དང་། ཁོང་གིས་གནས་སྤོས་ས་ཚིགས་དེ་ལྷོ་ཁ་གྲོང་ཁྱེར་གྱི་གཙང་བྱང་ཁུལ་གསར་དུ་གནས་པ་དང་། ལྷ་ས་གྲོང་ཁྱེར་དང་བར་ཐག་རི་བོ་གཅིག་ལས་ཆོད་མེད་པས་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་ལྡན་ལ་འགྲིམ་འགྲུལ་གྱི་ཆ་རྐྱེན་བཟང་བ་དང་། ཁོར་ཡུག་གི་ཐེག་ནུས་ཅུང་ཆེ་བ། ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅེས་བརྗོད་བྱུང་། 

    གནས་སྤོས་རྗེས་གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་ཐུབ་རྒྱུ་ཡིན་ཞིང་། དེ་ཡང་ཤེས་རབ་རྒྱ་མཚོས་གནས་སྤོས་དུད་ཚང་གི་ཐོན་སྐྱེད་དང་འཚོ་བ་འགན་ལེན་བྱ་ཆེད། གནས་སྤོས་ས་ཚིགས་སུ་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བཞོན་མ་མགོ་གྲངས་300ཡོད་པའི་བཞོན་མ་གསོ་ཚགས་ར་བ་གནས་སྤོས་འབྲོག་པར་རྩིས་སྤྲོད་རྒྱུ་མ་ཟད། ད་དུང་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གིས་གནས་སྤོས་འབྲོག་པར་འབྱུང་འགྱུར་འཕེལ་རྒྱས་གཏོང་སྐབས་སྤྱོད་ཆོག་པའི་ཐོན་ལས་ཀྱི་ས་ཆ་སྤྲོད་རྒྱུ་རེད་ཅེས་བརྗོད་བྱུང་། 

    གཞན་ཡང་། ཁོང་གིས་གནས་སྤོས་འབྲོག་པ་དང་འབྲེལ་བ་ཡོད་པའི་དེ་སྔའི་མཚོ་གཉིས་རྫོང་གི་ཐོན་སྐྱེད་རྒྱུ་ཆ་དང་དམངས་ཕན་སྲིད་ཇུས་དང་། དེ་བཞིན་འབྲེལ་ཡོད་ཁ་གསབ་རོགས་དངུལ་སོགས་ཚང་མར་འགྱུར་ལྡོག་གཏོང་གི་མ་རེད། དེ་དང་ཆབས་ཅིག མཚོ་གཉིས་རྫོང་གི་སློབ་ཁྲིད་སྒྲིག་གཞི་གནས་སྤོས་ས་ཚིགས་སུ་སྤོ་ཐུབ་པའི་རེ་བ་ཡོད། དེས་སློབ་ཁྲིད་སྤུས་ཚད་འགན་ལེན་བྱེད་པ་དང་། སློབ་མ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ། དགེ་རྒན་གྱི་ཐོན་ཁུངས་འགན་ལེན་བྱེད་པ་བཅས་ཚང་མར་ཕན་ཐོགས་ཅུང་ཆེན་པོ་ཡོད་ལ་དེ་ནི་མཚོ་གཉིས་རྫོང་གི་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་ཞིག་ཀྱང་རེད་ཅེས་བརྗོད་བྱུང་།

    ཤེས་རབ་རྒྱ་མཚོས་འབྲོག་པའི་ཕྱུགས་རིགས་འཚོང་བ་དང་། ཚབ་གཉེར། མ་རྐང་ནང་ཞུགས་ཏེ་མཉམ་ལས་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས། “མི་སྤོས་རྗེས་ཕྱུགས་རིགས་ལ་གཡོག་བྱེད་མཁན་མེད་པ”སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རེད། འབྲོག་པ་སྡོད་མལ་ལ་འཚམ་པའི་ས་ཆར་སྤོས་ཀྱང་། ཁོང་ཚོའི་དེ་སྔའི་ཐོན་སྐྱེད་རྒྱུ་ཆ་སྔར་བཞིན་མཚོ་གཉིས་རྫོང་དུ་འཇོག་རྒྱུ་རེད། མ་རྐང་ནང་ཞུགས་ནས་མཉམ་ལས་བྱས་རྗེས་ལོ་མཇུག་ཏུ་སླེབས་སྐབས་བགོ་འགྲེམས་ཡོད་པ་མ་ཟད། ད་དུང་ནང་མི་ཚང་མར་ཚགས་ཤ་དང་ལུག་ཤ་འདང་ངེས་སྤྲོད་རྒྱུ་ཡིན་པས། འདི་ནི་གནས་སྤོས་འབྲོག་པའི་ངོས་ནས་བརྗོད་ཚེ་གཉིས་ཕན་གྱི་སྲིད་ཇུས་ཤིག་རེད་ཅེས་བརྗོད་བྱུང་། 

    མཚོ་གཉིས་རྫོང་དཀར་མཚོ་ཤང་གྲོང་ཚོ་གཉིས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་རྡོ་རྗེས། འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་དུ་གནས་སྤོ་བྱས་པའི་མཚོ་གཉིས་རྫོང་གི་འབྲོག་པ་མང་ཚོགས་ཀྱི་ས་ནས་ཤེས་རྟོགས་ཐུབ་པར་གཞིགས་ན། ས་བབ་མཐོ་ས་ནས་ཅུང་དམའ་སར་སྤོས་པས་གཉིད་ཡག་པོ་ཁུག་པ་དང་གྲུམ་བུའི་ནད་སོགས་ས་མཐོའི་ནད་ཀྱི་ན་ཟུག་ཆུང་དུ་འགྲོ་གི་འདུག དེ་ནི་མཚོ་གཉིས་རྫོང་གི་རྒན་རྒོན་གྱི་ངོས་ནས་བརྗོད་ཚེ་གཏམ་བཟང་ཞིག་རེད། དེ་དང་དུས་མཚུངས་ཕྲུ་གུ་ཚོའི་སློབ་སྦྱོང་ཐད་ལའང་འགན་ལེན་ཐུབ་པ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ཡོད། ད་དུང་ན་གཞོན་ཚོའི་ངོས་ནས་བརྗོད་ཚེ། ལས་ཞུགས་སྦྱོང་བརྡར་དང་ཕྱིར་ལས་ཀར་སྐྱོད་པའི་གོ་སྐབས་ཀྱང་དེ་མཚུངས་ཀྱིས་མང་དུ་ཕྱིན་ཡོད་ལ་ཐག་ཉེ་སར་སྨན་བཅོས་བྱེད་པ་སོགས་ལའང་སྟབས་བདེ་རུ་ཕྱིན་ཡོད་ཅེས་བརྗོད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།