[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>དམངས་ཕན་སྲིད་ཇུས།
  • དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་བཅའ་སྡོད་སྙན་རོང་རྫོང་གི་ལས་བྱེད་པའི་ཟླ་གཅིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

    ཆ་སྙོམས་ས་བབ་སྨི་4700དང་། བལྟོས་བཅས་ཀྱི་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་དང་བསྡུར་ན་57%མ་གཏོགས་མེད་པའི་སྙན་རོང་རྫོང་ནི་ནག་ཆུ་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་ཞིག་རེད།

    དབྱར་རྩྭ་དགུན་འབུ་ནི་སྙན་རོང་རྫོང་གི་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གལ་ཆེན་ཞིག་ཡིན་ཞིང་། ལོ་ལྟར་འབུ་སྔོག་འཐུ་བྱེད་མཁན་7600ལྷག་ཙམ་ཟིན་གྱི་ཡོད།

    དབྱར་རྩྭ་དགུན་འབུ་སྔོག་འཐུའི་དུས་ཚིགས་འཆར་རིམ་བཞིན། སྙན་རོང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག ཤང་དང་གྲོང་རྡལ་གྱི་ལས་བྱེད་ལས་བཟོ་དང་། མངགས་གཏོང་ཁང་གི་ལས་བྱེད་ཉེན་རྟོག་པ། རྫོང་སྤྱི་བདེ་ཅུས་ཀྱི་ཧྲག་བསྡུས་ཉེན་རྟོག་པ། རྫོང་ནས་མངགས་པའི་ལས་དོན་ཚོགས་ཆུང་བཅས་ལས་གྲུབ་པའི་མི་གྲངས་360ལྷག་ཙམ་འདོམ་རྒྱང་ཤང་དང་། ཁྲ་འདམ་ཤང་། བེ་གཞུང་ཤང་། སོག་གཞུང་ཤང་སོགས་ཤང་དང་གྲོང་རྡལ་5ཡི་དབྱར་རྩྭ་དགུན་འབུ་སྔོག་འཐུ་ཁུལ་28ལ་ཁག་སོ་སོར་བཅའ་སྡོད་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པ་རེད།

    དབྱར་རྩྭ་དགུན་འབུ་སྔོག་འཐུ་ཁུལ་དུ་འབྱོར་མ་ཐག་ལས་བྱེད་ལས་བཟོ་ཚོས་ཤང་དང་གྲོང་རྡལ་ཁག་དང་། འགན་ནུས་སྡེ་ཚན་ཁག དེ་བཞིན་འབྲོག་པ་མང་ཚོགས་བཅས་སྒྲིག་འཛུགས་བྱས་ཏེ། དབྱར་རྩྭ་དགུན་འབུ་སྔོག་འཐུའི་ལས་དོན་བཀོད་སྒྲིག་གི་ཚོགས་འདུ་འཚོགས་ཤིང་། འཐུས་སྒོ་ཚང་ལ་བཀོལ་སྤྱོད་རང་བཞིན་ལྡན་པའི་ལས་ཀའི་ཇུས་གཞི་དང་འཕྲལ་སྡོམ་སྔོན་ཇུས་བཟོས་པ་མ་ཟད། མི་ཤུགས་དང་དངུལ་ཤུགས། ནོར་ཤུགས་བཅས་ཕྱོགས་ཡོངས་ནས་བསྡུ་སྒྲིལ་བྱས་པ་དང་འབྲེལ། སྐོར་ཞིབ་ཀྱི་ལས་དོན་སྤེལ་ཏེ་དབྱར་རྩྭ་དགུན་འབུ་སྔོག་འཐུ་ཁུལ་གྱི་བདེ་འཇགས་ལ་དུས་ཐོག་ཏུ་སྟངས་འཛིན་བྱས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དོ་དམ་ཚོད་འཛིན་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཐོལ་བྱུང་གནས་ཚུལ་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱས་པ་རེད།

    ཁོ་ཚོས་གནམ་གཤིས་བཟང་ངན་ལ་མི་བལྟོས་པར་དབྱར་རྩྭ་དགུན་འབུ་སྔོག་འཐུ་ཁུལ་དུ་ལས་གནས་བརྟན་སྲུང་བྱས་པ་དང་། “སྤ་སེ་ཁྱེར་ནས་འབུ་སྔོག་འཐུར་སྐྱོད་པ”དང“སྤ་སེ་མེད་མཁན་ལ་ཁ་ཏ་བྱས་ཏེ་ཕྱིར་སློག་པའི”ལས་ཀའི་བླང་བྱ་ལག་བསྟར་ནན་པོ་བྱས་ནས། བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་ཉེན་ཡོད་རིགས་འབྱུང་རྩ་ནས་མེད་པ་བཟོས་པ་རེད།

    གཙང་ཆུ་འཐུང་བ་དང་སྟབས་བདེའི་ཐུག་པ་བཏུང་བ་ནི་ལས་བྱེད་ལས་བཟོ་བཅའ་སྡོད་རིང་གི་རྒྱུན་གཏན་འཚོ་བ་ཞིག་ཡིན། འོན་ཀྱང་སྐབས་འགར་འབྲས་ཚལ་སྟབས་བདེ་ཙམ་བཟོ་ཐུབ་ཀྱི་ཡོད། གྲང་ལྷགས་འུར་འུར་དུ་ལྡང་བའི་རི་རྩེར། ད་དུང་དུས་བཀག་ལྟར་སྐོར་གཡེང་བྱས་ཏེ་དབྱར་རྩྭ་དགུན་འབུ་སྔོག་འཐུ་ཁུལ་གྱི་གཞི་རྩའི་ཆ་འཕྲིན་ལ་སྔར་བས་ཤེས་རྟོགས་བྱེད་པ་དང་ཆབས་ཅིག མང་ཚོགས་ལ་རྩྭ་སའི་སྔོ་ཁེབས་སྲུང་སྐྱོང་དང་། འཚོ་བའི་གད་སྙིགས་བསྡུ་རུབ་དང་གཙང་སེལ། དེ་བཞིན་དབྱར་རྩྭ་དགུན་འབུའི་ཡོང་འབབ་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་སྤྱོད་གང་ཐུབ་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་དང་རོགས་རམ་བྱེད་ཀྱི་ཡོད། དེ་དག་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཚན་རིག་དང་མཐུན་པའི་འཛད་སྤྱོད་འདུ་ཤེས་དང་ལས་བརྩོན་ཕྱུག་འགྱུར་གྱི་བསམ་བློ་སྐྱེད་སྲིང་བྱེད་པའི་ནང་དོན་གལ་ཆེན་རེད།

    དྲག་ཆར་རླུང་འཚུབ་དང་ཁ་བ་བུ་ཡུག་ཁྲོད། ལས་བྱེད་ལས་བཟོ་ཚོས་དབྱར་རྩྭ་དགུན་འབུ་སྔོག་འཐུ་ཁུལ་གྱི་ཕྱོགས་གང་སར་བསྐྱོད་ཅིང་། བྲེལ་བརྩོན་ཆེ་བའི་ཟླ་གཅིག་ལྷག་ཙམ་རིང་། དབྱར་རྩྭ་དགུན་འབུ་སྔོག་འཐུ་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱས་པ་རེད།

    ད་ལོ་སྙན་རོང་རྫོང་གིས་དབྱར་རྩྭ་དགུན་འབུ་སྔོག་འཐུའི་གཅིག་སྡུད་ཁུལ་དུ་ཏང་རྩ་འཛུགས་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཤིང་། སྔོག་འཐུ་གཅིག་སྡུད་ཁུལ་ཁག་ཏུ་གནས་སྐབས་ཏང་ཀྲི་པུའུ་བཙུཌ་པ་དང་། གནས་སྐབས་ཏང་ཀྲི་པུའུ་དང་དབྱར་རྩྭ་དགུན་འབུ་སྔོག་འཐུ་དོ་དམ་གྱི་འཐབ་ས་དང་པོའི་ལས་བྱེད་ལས་བཟོས་མང་ཚོགས་དང་འབྲེལ་འདྲེས་དམ་ཟབ་ཡོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དབྱར་རྩྭ་དགུན་འབུ་སྔོག་འཐུ་ཁུལ་གྱི་མང་ཚོགས་ལ་སྨན་བཅོས་བྱས་པ་དང་སྨན་རྫས་སྤྲད་པ་མ་ཟད། དུག་སེལ་དང་གཟུགས་པོར་བརྟག་དཔྱད་སོགས་བྱས་པ་དང་འབྲེལ། གནམ་གཤིས་ཆ་འཕྲིན་དང་ འཕྲལ་སྡོམ་འགྲིམ་འགྲུལ། བདེ་འཇགས་སྐོར་ཞིབ་སོགས་ལ་བརྟེན་ནས་སེམས་རྩ་འཁོལ་པོས་མང་ཚོགས་ལ་རོགས་རམ་བྱས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་སྔོག་འཐུ་ལས་དོན་བདེ་བླག་ཡོང་བ་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།