[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཁྱད་ལྡན་ཐོན་ཟོག
  • དངོས་ཟོག་སྣ་མང་འཛོམས་པའི་བྱང་ཐང་གསར་པ།

    —— ནག་ཆུ་གྲོང་ཁྱེར་གྱི་འབྲོག་ཟོག་ཚོང་འདུས་སྐབས་བཅུ་གསུམ་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-20

    འདི་ནི་སྙན་རོང་རྫོང་ཉི་མ་ཤང་གི་གྲོང་མི་ཚེ་རིང་རྡོ་རྗེས་བཙོངས་ཚར་བའི་ལུག་ཤ་རླངས་འཁོར་ནང་དབོར་རོགས་བྱེད་བཞིན་པ།

    འདི་ནི་ལྷ་རྒྱལ་གྱིས་ཚོང་འདུས་ལ་སྟོན་པའི་རྩམ་པ་དོ་པོ་100ལས་ལྷག་མེད་པས་དགའ་ཚོར་ཆེན་པོ་བྱེད་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་གྱི་འབྲོག་ཟོག་ཚོང་འདུས་སྐབས་བཅུ་གསུམ་པའི་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།

    འདི་ནི་དཔལ་མགོན་རྫོང་སྤོ་ཆེ་ཤང་དིས་རུག་གྲོང་ཚོའི་མཉམ་ལས་ཁང་གི་ལས་དོན་མི་སྣས་ཚགས་ཤ་རྒྱ་མར་འདེགས་བཞིན་པ།

    “འབྲོག་ཟོག་ཚོང་འདུས་ལོ་རེ་བཞིན་གྲ་རྒྱས་སུ་འགྲོ་བ་དང་ཚོང་པ་ཇེ་མང་དུ་འགྲོ་བས་ང་ཚོས་རིན་གོང་ཁེ་པོའི་ངང་སྤུས་ལེགས་དངོས་ཟོག་ཉོ་ཐུབ”ཅེས་ནག་ཆུའི་གྲོང་མི་ཚེ་རིང་ནོར་རྒྱས་ཀྱིས་ཉོས་མ་ཐག་གི་ཚགས་ཤ་རྒྱ་མ་སུམ་བརྒྱ་ལྷག་ཙམ་རླངས་འཁོར་ནང་དབོར་ཞོར་དུ་དགའ་ཚོར་ཆེན་པོའི་ངང་བཤད།

    ཟླ་12ཚེས་10ཉིན་ནག་ཆུ་གྲོང་ཁྱེར་གྱི་འབྲོག་ཟོག་ཚོང་འདུས་སྐབས་བཅུ་གསུམ་པ་འགོ་ཚུགས་པ་དང་། ད་ཐེངས་ཀྱི་ཚོང་འདུས་ནག་ཆུའི་ཟོག་འདྲེན་གླིང་ཞིང་ཞོར་ཐོན་ཟོག་ཁྲོམ་རར་དུས་ཡུན་ཉིན་5སྤེལ་བ་དང་། དེའི་རིང་། འབྲོག་ཟོག་ཁྲོམ་རར་མི་ཚོགས་ཀྱིས་ཁེངས་ཤིང་། འཁྲུག་ཆ་ཧ་ཅང་དོད་པོ་ཡོད། ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)11དང་། ཤང་དང་གྲོང་རྡལ་78ཀྱི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་215དང་ཞིང་འབྲོག་ལས་དང་བོད་ཀྱི་གསོ་བ་རིག་པའི་ཁེ་ལས་23ད་ཐེངས་ཀྱི་འབྲོག་ཟོག་ཚོང་འདུས་ལ་ཞུགས་ཏེ་འགྲེམས་གནས་470ལྷག་ཙམ་དུ་ལུག་ཤ་དང་ཚགས་ཤ་དང་། ཕྱུར་བ། མར་སོགས་ཞིང་འབྲོག་ཐོན་རྫས་དང་། དབྱར་རྩྭ་དགུན་འབུ་དང་། སྙི་བ། གྲོ་མ་སོགས་ཀྲུང་ལུགས་སྨན་རྫས། ཁྱད་ལྡན་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་སོགས་ཚོང་ཟོག་སྣ་ཚོགས་བཤམས་པས་ལྟ་བའི་མི་ངོམ་པ་ཞིག་ཡོད་པ་རེད།

    “འདི་ནི་ང་ལོ་གསུམ་བསྟུད་མར་ཞུགས་པའི་ནག་ཆུའི་འབྲོག་ཟོག་ཚོང་འདུས་ཡིན་པ་དང་། ལོ་ལྟར་ཚགས་ཤ་བཙོངས་ནས་ཡོང་འབབ་མི་ཉུང་བ་ཞིག་རག་གི་འདུག ད་ལྟ་ཁྲོམ་བཏོན་ནས་སྐར་མ་བཅུ་ལྷག་ཙམ་མ་སོང་ཡང་ངས་ཚགས་ཤ་རྒྱ་མ་355བཙོངས་ཚར་བ་ཡིན། ཚོང་འདུས་ཀྱིས་གོ་སྐབས་ཡག་པོ་ཞིག་སྤྲད་བྱུང”ཞེས་སྙན་རོང་རྫོང་སེ་ཆེན་ཤང་སྟག་ལུང་གྲོང་ཚོ་ནས་ཡིན་པའི་གྲོང་མི་སེར་པ་ཆོས་ལྷས་ཚོང་ལས་ལ་བྲེལ་ཞོར་དུ་གསར་འགོད་པར་བཤད།

    “ཁོང་ཚོ་རང་ཁྱིམ་དུ་གསོས་པའི་ནོར་ལུག་གི་ཤ་སྤུས་ལེགས་པོ་ཡོད་སྟབས་ན་ནིང་ངས་ཁོང་ཚོའི་ས་ནས་ཉོས་པ་ཡིན། ལོ་གཅིག་དུས་གཅིག་གི་ཚོང་འདུས་སྐབས་ང་ཚོ་ཐད་ཀར་འདིར་ཡོང་ནས་ཡུལ་གཞན་གྱི་ཐོན་རྫས་ཉོ་ཐུབ་པས་སྟབས་བདེ་པོ་འདུག”ཅེས་ནག་ཆུའི་གྲོང་མི་རྡོ་རྗེས་བཤད།

    “ང་ཚོ་ནི་དཔལ་མགོན་རྫོང་སྤོ་ཆེ་ཤང་དིས་རུག་གྲོང་ཚོའི་མཉམ་ལས་ཁང་ནས་ཡིན་པ་དང་། ཚོང་འདུས་ཀྱི་ལས་སྟེགས་དེས་ང་ཚོར་ཕྱིར་ཚོང་ཐབས་ལམ་ཡག་པོ་ཞིག་བཏོད་བྱུང་བས་ང་ཚོའི་གྲོང་ཚོའི་ནོར་ལུག་གི་ཤ་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག”ཅེས་མཉམ་ལས་ཁང་གི་ལས་དོན་པ་དབང་ཕྱུག་གིས་ངོ་སྤྲོད་བྱས་ཤིང་། ཁོང་གིས“སྲིད་གཞུང་གི་སྲིད་ཇུས་ཡག་པོ་འདུག ང་ཚོར་དཔལ་མགོན་ནས་ནག་ཆུར་ཡོང་བའི་ལམ་རིན་སྤྲད་པ་མ་ཟད། སྣོད་བཅུད་སྲུང་སྐྱོང་དང་གྲོང་མིས་སྒོ་ཕྱུགས་བཤས་གཏོང་ཚད་མགྱོགས་སུ་གཏོང་རྒྱུར་ལྕག་སྐུལ་བྱ་ཆེད། ད་དུང་བཙོངས་ཚར་བའི་ནོར་ལུག་གི་ཁ་གྲངས་ལ་གཞིགས་ནས་ང་ཚོར་ཕྱིར་ཚོང་ཁ་གསབ་སྤྲོད་ཀྱི་ཡོད”ཅེས་བཤད།

    ཚོང་འདུས་ཀྱི་འགན་ཁུར་བས། མིག་སྔར་ནག་ཆུས་འབྲོག་ལས་དཔལ་འབྱོར་ཐོན་ལས་ཅན་དུ་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་འདིར། ཚོང་འདུས་གཉེར་ནས་ནག་ཆུ་གྲོང་ཁྱེར་གྱི་འབྲོག་ལས་འཕེལ་རྒྱས་གཏོང་ཐབས་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ཁར། འབྲོག་ཟོག་གི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་ཐུབ་ལ་བོད་བྱང་ཐང་གི“ས་མཐོའི་ལྗང་མདོག་འབྲོག་ཟོག་ཐོན་རྫས”སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད།

    སྙན་རོང་རྫོང་ཉི་མ་ཤང་གི་གྲོང་མི་ཚེ་རིང་རྡོ་རྗེས་བཙོངས་ཚར་བའི་ལུག་ཤ་རླངས་འཁོར་ནང་དབོར་རོགས་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།