[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • མཉམ་སྤྱོད་དང་འཕེལ་རྒྱས་གཏོང་སྟངས་གསར་པའི་འགོ་རྩོམ་པ།

    —— ཆུ་ཤུར་རྫོང་གིས་ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གཏོད་པའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-17

    ཆུ་ཤུར་རྫོང་གིས་ཞིང་ལས་ཀྱི་ཐོན་ཁུངས་ཅུང་ལེགས་པའི་དགེ་མཚན་གང་ལེགས་བཏོན་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་སྲོལ་གསར་གཏོད་བྱེད་པ་དང་། མཛེས་ལྗོངས་ཁུལ་དང་ས་ཚིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་བར་མཐོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ། ཡུལ་སྐོར་གྱི་ལམ་ཐིག་སྤུས་ལེགས་གཏོད་པ་བཅས་བྱས་ནས་ཡུལ་སྐོར་དེ་ཉིད་དེང་རབས་ཞིང་ལས་དང་མཉམ་འདྲེས་གཏིང་ཟབ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་དང་བསྡུ་སྒྲིལ་ཆེན་པོ། ས་ཁོངས་རིག་གནས་དང་ཟུང་འབྲེལ་ཟབ་མོ་བཅས་བྱས་ནས་ཞིང་ལས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བྱེད་སྟངས་གསར་པ་ཞིག་བཏོད་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་སྐོར་གཞི་གཅིག་ཅན་འཕེལ་རྒྱས་གཏོང་ཐུབ་ཡོད།

    ཞིང་ལས་སྣོད་བཅུད་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་ཞིང་ལས་ཐོན་ལས་ལ་སྤུས་འབོར་གཉིས་ལྡན་ཡོང་བར་སྐུལ་འདེད་བཏང་བ།

    ས་གཙང་བདེ་ཐང་གི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཚལ་སྣེ་ཤང་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་དང་ས་གཙང་བདེ་ཐང་ཐོན་ལས་གླིང་བརྒྱུད་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་དཔེ་སྟོན་རྫོང་གཏོད་རྒྱུ་གོ་སྐབས་སུ་བྱས་ཏེ“ཞིང་ལས་དང་ཡུལ་སྐོར”ཟུང་འབྲེལ་གྱི་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། རྒྱལ་ཁབ་ཀྱི་A3རིམ་པའི་མཛེས་ལྗོངས་ཁུལ་གྱི“ཡིད་འོང་ཚལ་སྣེའི”དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་སྐུལ་འདེད་བཏང་ཡོད། 2017ལོར་གླིང་ཁུལ་དུ་རྒྱ་སེ་དང་། རྒུན་འབྲུམ། བོད་ལུགས་དང་ཀྲུང་ལུགས་སྨན་རྒྱུ་སོགས་དཔལ་འབྱོར་སྐྱེ་དངོས་མུའུ་6500ལྷག་ཙམ་བཏབ་པ་དང་། མ་རྩ་སྒོར་དུང་ཕྱུར་26བཏང་སྟེ་ཡུལ་སྐོར་སྤྲོ་གསེང་དང་ངལ་གསོའི་ནུས་པ་གཉིས་ལྡན་གྱི་ཆུ་ཤུར་ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་དང་། ཤིང་སྣ་དང་རྒྱུད་བཟང་གསོ་སྤེལ་ལྟེ་གནས་སོགས་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་ཡོད།

    ཁྱད་ལྡན་གྱི་ཡུལ་སྐོར་གྲོང་གསེབ་འཕེལ་རྒྱས་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ།

    ཆུ་ཤུར་རྫོང་གིས་གྲོང་གསེབ་ཀྱི་རིགས་ཁག་གི་དངོས་པོ་དང་མངོན་མིན་གྱི་ཐོན་ཁུངས་འབེལ་བའི་དམིགས་བསལ་ལེགས་ཆ་གང་ལེགས་བཏོན་ནས། ཡུལ་སྐོར་ཕྱོགས་བསྡུས་དམིགས་ས་འཛུགས་སྐྱོང་དང་དོ་དམ་ལག་བསྟར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ“གྲོང་གསེབ་+ཡུལ་སྐོར”དེ་ཉིད་སྤེལ་རེས་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་འགྱུར་བ་བྱས་པ་དང་། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ལ་འགྱུར་བ་བྱས་ཡོད། “གྲོང་ཚོ་རེ་ལ་སྤུས་རྟགས་རེ”ཡོད་པ་བྱ་རྒྱུར་གཞི་ཚུགས་ཏེ་དཔེ་སྟོན་འཛུགས་སྐྲུན་མགྱོགས་མྱུར་བྱས་ཡོད། ཚ་རགས་ཤང་གི“ཁམ་བུའི་མེ་ཏོག་གྲོང་ཚོའི”ཡར་ཀླུང་གཙང་པོའི་རོང་ཆེན་གྱི་ཡུལ་སྐོར་དང་། ཆུ་ཤུར་གྲོང་རྡལ“འཇུན་པའི་ཉ་པའི་གྲོང་ཚོའི”བོད་རིགས་ཀྱི་ཉའི་རིག་གནས་ཀྱི་ཆུ་ཐོག་སྤྱི་གླིང་། ཚ་རགས་སྣོད་བཅུད་གླིང་། གནམ་ཤང“རྒྱལ་མཚན”དམངས་སྲོལ་མཛེས་ལྗོངས་ཁུལ། ཡུལ་གཞན་ལ་དབུལ་སྐྱོར་གནས་སྤོའི་ཡུལ་སྐོར་དམངས་སྲོལ་གྲོང་ཚོ་སྟེ་ཚལ་སྣེ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོ་སོགས་ནུས་ཤུགས་ཡོད་རྒུས་བཏོད་པས། ཁྱད་ཆོས་དང་ཤུགས་རྐྱེན་ལྡན་པའི་གྲོང་གསེབ་ཡུལ་སྐོར་གྱི་ཁྱད་ལྡན་སྤུས་རྟགས་ཁག་གཅིག་གྲུབ་ཡོད།

    རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་གསར་སྤེལ་བྱས་ཏེ་ས་ཁོངས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ།

    ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ“རིག་གནས་དང་ཡུལ་སྐོར”ཟུང་འབྲེལ་གྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་བས། ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་ཐོན་རྫས་ལ་དེ་བས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་མ་ཟད། ཆུ་ཤུར་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་དང་ཡིད་དབང་འགུག་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད།

    རིག་གནས་ཤུལ་གཞག་ལ་སྲུང་སྐྱོབ་དང་ལོ་རྒྱུས་ཤེས་དཔལ་རྒྱུན་འཛིན་བྱས་ཤིང་། བོད་ཀྱི་སྒྲ་སྙན་བཟོ་རྩལ་དང་། བོད་ཀྱི་ལྡེབས་རིས་འབྲི་རྩལ་དང་བོད་ཀྱི་གནའ་བོའི་ལྡེབས་རིས་ཉམས་གསོ་སྲུང་སྐྱོང་ལག་རྩལ། ཟངས་ཆས་ལས་སྣོན་ལག་རྩལ་སོགས་མངོན་མིན་རིག་གནས་ཤུལ་གཞག་འདུན་ཞུའི་ལས་ཀ་ཧུར་ཐག་སྤེལ་ཡོད། རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་རིག་དངོས་ས་ཚིགས་ཁག་ལ་རྡོ་རིང་འཛུགས་པ་དང་སྒོ་བྱང་འགེལ་བའི(བོད་རྒྱ་སྐད་གཉིས)ལས་དོན་ལེགས་སྒྲུབ་བྱས་ཡོད།

    ཡུལ་སྐོར་དེ་ཉིད་ཞིང་ལས་དང་། གྲོང་གསེབ། རིག་གནས། སྣོད་བཅུད། བདེ་ཐང་སོགས་དང་ཟུང་འབྲེལ་གཏིང་ཟབ་བྱས་ཏེ་ཁྲོམ་རའི་དགོས་མཁོ་དང་འཚམ་པ་དང་། རིག་གནས་ཀྱི་ཁྱད་ཆོས་མངོན་པ། ཆུ་ཤུར་གྱི་ཁྱད་ཆོས་དང་འཚམ་པ་བཅས་ཀྱི་ཡུལ་སྐོར་བཀོད་པ་ཞིག་ཧུར་ཐག་ཆགས་པ་བྱས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་ཐུན་མོང་ངོས་འཛིན་གྲུབ་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།