[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གྲོང་ཚོའི་ཉེ་འདབས་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ མཐའ་བཞིའི་རི་ཀླུང་སྔོ་ལྗང་ན་བཟས་རབ་ཏུ་བཀླུབས།

    —— ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྣེའུ་ཤང་སྟག་གདོང་གནའ་བོའི་གྲོང་ཚོའི་རྣམ་པ་གསར་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-06

    458175_yis_1512277671604.jpg

    འདི་ནི་གྲོང་མིས་གླིང་ཁ་གཏོང་བཞིན་པ།

    སྟག་གདོང་གྲོང་ཚོ་ནི་མིག་སྔར་བོད་དུ་སྲུང་སྐྱོང་ཡག་ཤོས་ཐུབ་པའི་བོད་རིགས་ས་ཁུལ་གྱི་གནའ་གྲོང་གི་གྲས་ཤིག་རེད། སྡོད་མལ་ཁོར་ཡུག་གི་དཔེ་སྟོན་གྲོང་ཚོ་བཏོད་པ་ནས་བཟུང་།“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ། ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་གྲོང”དང་། “ཀྲུང་གོའི་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་རྟེན་གཞི” “ཁག་བདུན་པའི་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་དང་གྲོང་ཚོ” “2016ལོའི་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་དཔེ་སྟོན་གྲོང་ཚོ”སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ།

    ཁང་པ་རྙིང་པར་ཉམས་བཟོ་བྱས་ནས་མགྲོན་པོ་བསུ་བ།

    སྟག་གདོང་གྲོང་ཚོའི་ཚོགས་ཆུང་བཞི་པའི་ལོ་54ལ་སླེབས་པའི་ཚེ་རིང་དབང་འདུས་ནི་ད་ཆ་ས་ཞིང་མུའུ་14ཁོ་ན་བཏབ་ནས་འཚོ་བ་སྐྱེལ་བའི་ཞིང་པ་ཞིག་མིན་པར། སྲིད་གཞུང་གི་རོགས་སྐྱོར་འོག་ཁོང་གིས་ཡུལ་སྐོར་བ་བསུ་ཆེད་ཁང་པར་དཀར་རྩི་བྱུག་པ་དང་གསང་སྤྱོད་དང་འཁྲུད་ཁང་བརྒྱབ་སྟེ་ཉམས་བཟོ་ལེགས་པོ་བྱས་ཡོད་པ་རེད། དེ་སྔ་ས་ཞིང་མུའུ་1བཏབ་ན་ལོ་གཅིག་ལ་ཡོང་འབབ་སྒོར་1000ལྷག་ཙམ་ལས་མེད་པའི་བགྲེས་སོང་ཚེ་རིང་དབང་འདུས་ཀྱིས་ཁྱིམ་གྱི་རྙིང་ཧྲུལ་དུ་གྱུར་བའི་ས་ཆའི་ལག་ཁྱེར་དང་། སྲོལ་རྒྱུན་གྱི་ཇ་མདོང་། ཁྲོ་ཟངས་སོགས་ཅ་ལག་རྙིང་པར་ལྟ་བཞིན་དེ་དག་ལ་ལོ་རྒྱུས་དང་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་དེ་འདྲ་ལྡན་ཡོད་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། ལོ་རབས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་སྒོ་རའི་ནང་ན་ནིང་ཡུལ་སྐོར་ཚོགས་པ་ཁག་ཐེངས་བཞིར་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་3000བྱུང་བ་རེད།

    2016ལོའི་ཟླ་4པར་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་གྱིས“སྣེའུ་ཁུལ་གསར་གྱི་སྟག་གདོང་གྲོང་ཚོའི་བཀོད་པ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ་རྣམ་གྲངས”ལག་ལེན་བསྟར་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་སྟག་གདོང་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་དང་དཔལ་འབྱོར་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ས་གནས་དེ་གའི་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། དར་སྤེལ་བཅས་བཏང་སྟེ་མི་སེར་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྣེ་ཁྲིད་བྱ་ཆེད་ཡིན་པ་རེད།

    རྩལ་ནུས་གསོ་སྦྱོང་བྱས་ཏེ་ཐག་ཉེ་སར་ལས་ཞུགས་ཐུབ་པ།

    སྟག་གདོང་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་གཏོད་པ་དང་གསར་སྤེལ་བྱ་ཡུལ་དུ་བརྩིས་ནས་སྣེའུ་ཡི་གྲོང་ཁྱེར་མ་འཇོག་དང་སྟག་གདོང་གྲོང་ཚོ་ཨུ་ལྷན་སོགས་ཀྱིས་མཉམ་དུ་མ་དངུལ་བཏང་ནས་བཙུགས་པའི་སྣེའུ་མཐུན་མཛེས་གྲོང་གསེབ་ཀྱི་དམངས་སྲོལ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་ལོ་རྒྱུས་དང་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱས་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་སྟག་གདོང་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པའི་གྲོང་ཚོ་དང་གྲོང་རྡལ་དུ་བསྐྲུན་ཡོད།

    རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་པ་བརྒྱུད་སྟག་གདོང་གྲོང་ཚོས་གྲོང་ཁྱེར་གྱི་སྤྲོ་གསེང་ཡུལ་སྐོར་གྱི་དགོས་མཁོ་དང་ལྷ་སའི་ཉེ་འཁོར་གྱི་ཡུལ་སྐོར་ཐོན་རྫས་ཁྲོམ་ར་དཀོན་པ་སོགས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ། ལས་ཞུགས་ལ་སྐུལ་ཁྲིད་དང་ལས་གཏོད་ལ་སྐུལ་འདེད་བཏང་བས། ས་གནས་དེ་གའི་ཞིང་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་ནས་གནད་སྨིན་དབུལ་སྐྱོར་ཐུབ་སྟེ་མཐར་སྟག་གདོང་གྲོང་ཚོ་འདི་ཉིད་ལྷ་སའི་གྲོང་མི་གྲོང་གསེབ་ཏུ་ཡུལ་སྐོར་བྱེད་ས་དང་དེ་བཞིན་དམངས་སྲོལ་རིག་གནས་མྱོང་རོལ་གྱི་མིང་བྱང་གསར་པར་གྱུར་བ་རེད།

    གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཐུབ་པ།

    སྣེའུ་ཁུལ་གསར་གྱི་སྣེའུ་ཤང་སྟག་གདོང་གྲོང་ཚོའི་ཏང་ཀྲི་པུའིཧྲུའུ་ཅི་རྡོ་རྗེས“ན་ནིང་ནས་བཟུང་སྟག་གདོང་གྲོང་ཚོར‘སྟག་གདོང་གྲོང་ཚོའི་བཀོད་པ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ་རྣམ་གྲངས’ལག་ལེན་བསྟར་འགོ་ཚུགས་པ་དང་། གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་དུས་མཚུངས། སྟག་གདོང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་པ་དང་། མང་ཚོགས་ཀྱི་ལས་ཞུགས་ལས་གནས་དང་དངུལ་སྨར་ཡོང་འབབ་མང་དུ་སོང་བར་བརྟེན། སྟག་གདོང་གྲོང་ཚོ་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད”ཅེས་ངོ་སྤྲོད་བྱས།

    རྣམ་གྲངས་སྤྱོད་འགོ་ཚུགས་རྗེས་བདེ་སྲུང་མི་སྣ་དང་། འཕྲོད་བསྟེན་བཟོ་པ། ཞབས་ཞུ་བ་བཅས་བསྡུས་ནས་སྟག་གདོང་གྲོང་ཚོའི་མི་38ཀྱི་ལས་ཞུགས་ཐག་གཅོད་བྱས་པས་མང་ཚོགས་དབུལ་པོ་11ལ་ཟླ་རེའི་གླ་ཕོགས་སྒོ་2600ཡན་ཟིན་ཡོད། དུས་མཚུངས་གྲོང་ཚོ་ཨུ་ལྷན་གྱི་འབོད་སྐུལ་ཤུགས་ཆེན་དང་ཡང་དག་པའི་ཁྲིད་སྟོན་འོག་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གྲོང་མི་སྒྲིག་འཛུགས་བྱས་ཏེ་སྦྲ་གུར་བོགས་མར་བཏང་ནས་བཟའ་བཏུང་དང་སྤྲོ་གསེང་སོགས་ཀྱི་ཞབས་འདེགས་ཞུས་པ་དང་། ཞིང་པའི་སྤྲོ་སྐྱིད་ཁང་གཉེར་སྐྱོང་བྱེད་སྟངས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོའི་ཁོངས་ཀྱི་ཞིང་ཞོར་ཐོན་རྫས་གཅིག་གྱུར་ཉོ་སྒྲུབ་དང་གཅིག་སྡུད་ཕྱིར་ཚོང་བྱས་པ་རེད། ཚོང་གཉེར་བྱས་རྗེས་ཀྱི་གཟའ་འཁོར་དང་པོ་ནས་གསུམ་པ་བར་ཁྱོན་ཡུལ་སྐོར་བ་མི་ཐེངས་1000ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཐད་ཀར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་བ་རེད། རྣམ་གྲངས་དེ་ཁོ་ནའི་ལོ་མཇུག་གི་ཁེ་སྤོགས་ཡོང་འབབ་ཀྱིས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་51གི་མི་183ཡི་དབུལ་སྒྲོལ་ལས་འགན་ལེགས་གྲུབ་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།