[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གྲོང་གསེབ་མཛེས་ལྗོངས་ཁུལ་དུ་གྱུར་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པ།

    ལྷ་ས་གྲོང་ཁྱེར“ཞང་ཞུང་མེ་ཏོག”སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་གླིང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་འོག ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པའི“ཞང་ཞུང་མེ་ཏོག”སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་གླིང་གིས་དུས་རབས་གསར་པའི་དཔྱིད་རླུང་དང་ལྷན་ཅིག་འབད་འབུངས་མདུན་སྐྱོད་བྱས་པས། ཉིན་བཞིན་རྒྱ་སྟོབས་ཆེ་རུ་ཕྱིན་ནས་རྣམ་པ་གསར་རྐྱང་དུ་གྱུར་པ་རེད།

    རྩེ་རིམ་ཇུས་འགོད་ལ་བརྟེན་ནས་ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ།

    2015ལོར“ཞང་ཞུང་མེ་ཏོག”སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་གླིང་སྐྲུན་འགོ་ཚུགས་པ་དང་། རྣམ་གྲངས་དེའི་སྤྱིའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་38.28ཟིན་ལ། འཆར་འགོད་མ་དངུལ་བསྡོམས་སྒོར་དུང་ཕྱུར་50ཙམ་བཏང་བ་རེད།

    བརྟག་ཞིབ་དང་། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ། དེ་བཞིན་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་བརྒྱུད་ཅིང་། འཆར་འགོད་དང་། བཀོད་སྒྲིག ལག་བསྟར་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབས་མཐར། གླིང་དེ་ཡང་བསམ་བཀོད་ནས་དངོས་ཡོད་ལ་གྱུར།

    མིག་སྔར་གླིང་ཁུལ་གྱི་རྣམ་གྲངས་རྐྱང་པ་འགའ་ཞིག་གི་རྣམ་པ་རགས་ཙམ་ཆགས་པ་དང་། མུའུ་ཁྲིའི་མེ་ཏོག་གི་ཞིང་ཁམས་ལའང་གཞི་ཁྱོན་དང་ལྡན་ཞིང་། ཞང་ཞུང་གི་གནའ་བོའི་མཁར་རྫོང་ཨར་སྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དང་། ཁྱད་ལྡན་གྱི་དམངས་སྲོལ་མགྲོན་ཁང་ཁག་གཅིག་གཉེར་སྐྱོང་བྱེད་པའི་དུས་མཚམས་སུ་སླེབས་པ་མ་ཟད། རྣམ་གྲངས་གཞན་དག་ཀྱང་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་ཡོད་པ་རེད།

    ཁྱད་ལྡན་རིག་གནས་གྲོང་གསེབ་ཀྱི་ཡུལ་སྐོར་དང་མཉམ་འདྲེས་བྱས་པ།

    རླངས་འཁོར་བསྡད་དེ་ཞང་ཞུང་གནའ་བོའི་མཁར་རྫོང་བརྒྱུད་སྐབས། མིག་ལམ་དུ་འཆར་བའི་ཁྱད་ཆོས་མངོན་གསལ་དོད་པའི་ཞང་ཞུང་རིག་གནས་ཀྱི་མཚོན་རྟགས་དག་ལས། མི་རྣམས་སླར་ཡང་ལོ་རྒྱུས་རིག་གནས་ཀྱི་ཀློང་དུ་བཞུད་པ་ལྟར་སྣང་།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞང་ཞུང་གནའ་བོའི་མཁར་རྫོང་གིས་བོད་ཀྱི་ཁྱད་ལྡན་མི་རིཌ་རིག་གནས་འགྲེམས་སྟོན་ལ་དམིགས་པ་དང་། འཆར་འགོད་ཀྱི་ཉམས་འགྱུར་ཐད་ཞང་ཞུང་རིག་གནས་དང་གཅིག་རམ་གཅིག་འདེགས་བྱས་ཤིང་། ཟམ་གདན་དང་། བར་ཁྱམས། ལྗོངས་གཟིགས་སྒང་བཅས་གཟུགས་བརྙན་ཐད་དུའང་གསོན་ཉམས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ཀྱི་ཁྱམས་རིང་ཞིག་བཏོད་པ་རེད།

    འདི་ནི་དེང་རབས་ཀྱི་ཟམ་པ་ཞིག་ཡིན་ལ། ཞང་ཞུང་རིག་གནས་ཀྱིས་ཕྱུག་པའི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཀྱང་རེད། གནས་འདི་ནི་གླིང་དུ་སྐྱོད་སའི་འགྲིམ་འགྲུལ་གྱི་འགག་གནད་གལ་ཆེན་ཞིག་ཡིན་པས། ཟམ་སྣེའི་ལྗོངས་གཟིགས་སྒང་ནས་བལྟས་ཚེ་གླིང་གི་མཛེས་ལྗོངས་ཚང་མ་མཐོང་ཐུབ།

    ཞང་ཞུང་གནའ་བོའི་མཁར་རྫོང་ཙམ་མིན་པར་གླིང་གི་གང་སར་བོད་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཀྱི་རྗེས་ཤུལ་མང་པོ་མཐོང་ཐུབ་ལ། “མཐོ་ཆེ་ལེགས”གསུམ་གྱི་དེང་རབས་ཀྱི་གྲུབ་ཆའང་གང་སར་མཐོང་ཐུབ།

    ཐོན་ལས་ཀྱིས་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ།

    མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་རྒྱུར་དམིགས་ནས་གླིང་གིས་ཐོན་ལས་དབུལ་སྐྱོར་མང་ཚོགས་དབུལ་སྒྲོལ་ཐུབ་པའི་གཞི་རྩའི་ཐབས་ཇུས་ལ་བརྩིས་ནས་མཐའ་འཁྱོངས་བྱས་པ་རེད།

    བདེ་སྐྱིད་བོད་ཁྱིམ་དང་མུའུ་ཁྲིའི་མེ་ཏོག་གི་ཞིང་ཁམས་ནི་གླིང་གི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་མཚོན་བྱེད་ཅིག་རེད། བདེ་སྐྱིད་བོད་ཁྱིམ་རྣམ་གྲངས་ཀྱིས་ཡུན་རིང་ལས་ཞུགས་ལས་གནས་མཁོ་འདོན་དང་། དམངས་སྲོལ་མགྲོན་ཁང་གཉེར་སྐྱོང་ལ་་ཞུགས་པ། ཡུལ་སྐོར་ཡོང་འབབ་བགོ་བཤའ་རྒྱག་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ས་གནས་དེ་གའི་མང་ཚོགས་37ལས་ཞུགས་ཕྱུག་འགྱུར་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། མིག་སྔར་མུའུ་6800ལྷག་ཙམ་ཟིན་པའི་མེ་ཏོག་གི་ཞིང་ཁམས་སུ་རྒྱ་སེ་མེ་ཏོག་དང་། ཏ་མ་སི་ཁུ། མེ་གླིང་བྱང་མའི་མངར་འབྲས་མེ་ཏོག་སོགས་མེ་ཏོག་དང་སྡོང་ཕྲུག་སྣ་ཁ་20ལྷག་ཙམ་བཏབ་ཡོད་པ་དང་། ས་ཞིང་མུའུ་7800ལྷག་ཙམ་བརྒྱུད་བཤུག་བཏང་སྟེ་འབྲོག་མ་གྲོང་ཚོའི་གྲོང་མིར་ལོར་མི་རེར་ཆ་སྙོམས་ས་ཞིང་ལས་འབབ་འཕར་སྒོར་6000ཙམ་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད། ཐོན་ལས་གླིང་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ཚོས་སྒོ་འགྲམ་དུ་ལས་ཞུགས་ཐུབ་སྟེ། མང་ཚོགས་དབུལ་པོ“སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཐུབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།