[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • རེ་བའི་ཞིང་ས་གཤིན་པོའི་ཐོག་ཕུགས་འདུན་གྱི་ས་བོན་བཏབ།

    —— ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་པད་ནག་གྲོང་ཚོས་ཁྱད་ལྡན་ཐོན་ལས་སྟོབས་ཆེན་གྱི་གྲོང་ཚོ་བཏོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

    639827_yis_1562558712904_s.jpg

    ད་ལོའི“ལྔ་གཅིག”སྐབས་སུ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པའི་པད་ནག་སྣོད་བཅུད་གླིང་ཁར་གླིང་ཁ་གཏོང་བར་ཡོང་མཁན་ཧ་ཅང་མང་པོ་ཡོད་པས། པད་ནག་གྲོང་ཚོའི་ལོ29སླེབས་པའི་དོ་དམ་པ་བྱམས་སྒྲོལ་དང་ཁོང་གི་ལས་མི་བརྒྱད་པོ་དེ་དག་མ་ལྕོགས་ཤིག་ཤིག་ངང་དུ་གནས། 

    དེ་གོང་བྱམས་སྒྲོལ་ཧོ་ནན་ཤིན་དབྱང་དུ་གླ་པ་བྱེད་རིང་གསོལ་མགྲོན་ཁང་གི་དོ་དམ་བྱེད་སྟངས་ལོ་9སྦྱངས་པ་དང་ཟླ་རེར་གླ་ཕོགས་སྒོར་1000ལྷག་ཙམ་ལས་མེད།“གཙོ་བོ་དོ་དམ་བྱེད་སྟངས་ཤེས་པས་ཡོང་འབབ་དམའ་ཙམ་ཡོད་ཀྱང་སྐྱོན་མི་འདུག”ཅེས་བྱམས་སྒྲོལ་གྱིས་དེ་ལྟར་བརྗོད། 

    ཕ་ཡུལ་དུ་ལོག་རྗེས་པད་ནག་སྣོད་བཅུད་གླིང་ཁའི་དོ་དམ་པར་གདན་ཞུ་བྱས་པས། བྱམས་སྒྲོལ་ལ་ཟླ་རེར་གཞི་རྩའི་གླ་ཕོགས་སྒོར་3500ཡོད་པ་ཕུད་ད་དུང་གླིང་ཁའི་ཡོང་འབབ་ལ་གཞིགས་ནས་ཐོབ་ཆ་མི་དམན་པ་ལེན་རྒྱུ་ཡོད། 

    “ལས་མི་གཞན་དག་བརྒྱད་པོ་དེ་དག་ལའང་ང་དང་འདྲ་བའི་ཡོང་འབབ་ཡོད”ཅེས་བྱམས་སྒྲོལ་གྱིས་གསར་འགོད་པར་དེ་ལྟར་བརྗོད་པ་དང་ལས་མི་བརྒྱད་པོ་དེ་དག་ནི་པད་ནག་གྲོང་ཚོའི་གྲོང་མི་ཡིན་པ་རེད། 

    “གྲགས་ཅན་མི་སྣའི་མིང་གྲགས”ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་བ། 

    རྒྱལ་ལམ་318བརྒྱུད་སྟག་རྩེ་ཆུས་སུ་སླེབས་པ་དང་དེ་རྗེས་བདེ་ཆེན་གྲོང་རྡལ་གྱི་ཤར་ངོས་ནས་ས་ལམ་དེད་ནས་ལྷོ་ཕྱོགས་སུ་རླངས་འཁོར་ནང་སྤྱི་ལེ་5ཙམ་བསྐྱོད་ན་པད་ནག་གྲོང་ཚོར་སླེབས་ཀྱི་ཡོད། པད་ནག་ཅེས་པ་སྐད་གྲགས་དེ་ལྟར་ཆོད་དོན་ནི་འདི་གར་ཨ་ཁུ་སྟོན་པའི་ཕ་ཡུལ་ཡིན་པས་རེད། 

    རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་དང་ཡུལ་སྐོར་ནི་རིག་གནས་ཀྱི་གཞི་རྟེན་རེད། ཉེ་བའི་ལོ་ཤས་རིང་། “ཨ་ཁུ་སྟོན་པའི་འཁྲུངས་ཡུལ”ཞེས་པའི་དམིགས་བསལ་རིག་གནས་ཐོན་ཁུངས་དེར་བརྟེན་པ་དང“གྲོང་ཁྱེར་གྱི་ཤར་སྒོ་ཆེ་མོ་དང་སྣོད་བཅུད་སྤྱི་གླིང”གི་སྤྱིའི་ངེས་གནས་ལ་གཞིགས་ཏེ་ལྷ་ས་གྲོང་ཁྱེར་གྱིས་ཨ་ཁུ་སྟོན་པའི་རྟེན་རྫས་བཤམས་མཛོད་ཁང་དང་ཨ་ཁུ་སྟོན་པའི་སྤྲོ་གསེང་སྤྱི་གླིང་ཚུད་པའི“ཡུལ་སྐོར་དང་། ཞིང་གསུམ། བོད་སྨན། དམངས་སྲོལ”བཅས་གཞི་གཅིག་ཏུ་འདུས་པའི་པད་ནག་ལུང་ཤུར་གྱི་སྣོད་བཅུད་རིག་གནས་ཡུལ་སྐོར་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཡོད། 

    2017ལོའི་ཟླ་5པར་པད་ནག་གྲོང་ཚོ་གནས་སའི་སྟག་རྩེ་ཆུས་དང་ལྷ་ས་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པས་མཉམ་དུ་མ་རྩ་བཏང་སྟེ་ལྷ་ས་སྟག་རྩེ་སྟོན་པ་རིག་གནས་ཡུལ་སྐོར་ཀུང་སི་བཙུགས་པ་དང་། ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་སོགས་མཐོ་སློབ་32དང་མཉམ་འབྲེལ་ཐོག་གཞུང་ལམ་ཁག་གཅིག་དང་། ལྡུམ་ར་དང་ཟམ་ཆུང་། ཁྱིམ་ཚང་མགྲོན་ཁང་སྒྱུར་བཀོད། སྤོ་ཆོག་པའི་གུར་ཕུབ་པ། སྣོད་བཅུད་སླར་གསོ། ཨ་ཁུ་སྟོན་པའི་རིག་གནས་གཞིས་ཀ ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་སོགས་མཛེས་ལྗོངས་དང་ལྷན་སྦྱར་སྒྲིག་བཀོད་རྣམ་གྲངས་རིམ་པས་འཛུགས་སྐྲུན་བྱས་ཏེ་ཐུན་མོང་ཐོག་པད་ནག་ལུང་ཤུར་གྱི་མངོན་མིན་རིག་གནས་ཐོན་ལས་གླིང(བོད་ཀྱི་གསོ་བ་རིག་པ)དང་པད་ནག་ལུང་ཤུར་གྱི་A4རིམ་པའི་མཛེས་ལྗོངས་ཁུལ(གླིང་གཅིག་དང་། ཁུལ་གཅིག མཛེས་ལྗོངས་ཁུལ་གཅིག)བཏོད་པ་མ་ཟད། ཤེས་བྱའི་བདག་དབང་གཏན་འཁེལ་དང་གསར་སྤེལ་ཡང་བྱས་ཡོད། 

    པད་ནག་གྲོང་ཚོའི་གྲོང་མི་མིག་མིག་ནི“ལྷ་སའི་གནས་ཚང”ཁྱིམ་ཚང་མགྲོན་ཁང་སྒྱུར་བཀོད་རྣམ་གྲངས་ལས་ཕན་པ་ཐོབ་མཁན་ཞིག་རེད། པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པས་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་50བཏང་སྟེ་ཁོང་ཁྱིམ་གྱི་ཁང་མིག་དྲུག་ཅན་དེ་སྐར་མ་ལྔ་རིམ་པའི་སྤུས་ལེགས་ཁྱིམ་ཚང་མགྲོན་ཁང་དུ་སྒྱུར་བཀོད་བྱས་པ་དང་། སྐབས་དེ་དུས་ཁོང་གིས་ཁང་པ་མ་རྐང་ནང་བཞག་པས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཁེ་བཟང་བགོ་འགྲེམས་རག་ཡོད། མིག་མིག་ཁྱིམ་ལ་མི་དྲུག་ཡོད་པ་དང་། མི་གསུམ་པོ་ཏ་ལ་རིག་གནས་ཡུལ་སྐོར་ཚོགས་པའི་གསོ་སྦྱོང་རྟེན་གཞིའི་ལས་ཞུགས་གསོ་སྦྱོང་ལ་ཞུགས་ནས“ལྷ་སའི་གནས་ཚང”གི་ཞབས་ཞུ་བར་གྱུར་ཏེ་ཟླ་རེར་གཏན་འཇགས་གླ་ཆ་ལེན་རྒྱུ་ཡོད། ཕྱིར་བསྐྱོད་མི་དགོས་པར་ལས་ཞུགས་ཐུབ་པས་མིག་མིག་ཧ་ཅང་དགའ་པོ་བྱུང་ཞིང་། ཁོང་གིས“ངའི་ཁྱིམ་མཛེས་ལྗོངས་ཁུལ་དུ་གནས་པས་འདི་གར་ལྟ་སྐོར་དང་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་འདུག ད་ཆ་གྲོང་ཚོར་གྲོང་མི་མི་ཉུང་བ་ཞིག་གིས‘ལྷ་སའི་གནས་ཚང’གི་ཁྱིམ་ཚང་མགྲོན་ཁང་སྒྱུར་བཀོད་གྲས་སུ་ཞུགས་པའི་རེ་ཞུ་བྱེད་ཀྱི་འདུག”ཅེས་བརྗོད། 

    མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་བྱས་ནས་འབབ་འཕར་གྱི་ཐབས་ལམ་ཡངས་སུ་བཏང་བ། 

    པད་ནག་ནི་འཛམ་གླིང་ཐོག་བོད་བརྒྱུད་ནང་བསྟན་གྱི་ལྷ་སྐུ་བཟོ་ཡུལ་ཆེ་གྲས་གསུམ་གྱི་ཡ་གྱལ་ཞིག་རེད། པད་ནག་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སིར་བསྐྱོད་སྐབས་ཟངས་རྡུང་ལག་ཤེས་པ་བཅུ་གྲངས་འགའ་ཤས་སྒོར་འཁྱིལ་ལེར་བསྡད་དེ་འགའ་རེས་ཟངས་ལྷེབ་རྡུང་བ་དང་འགའ་རེས་ཚ་ལ་རྒྱག་བཞིན་འདུག ན་སོ་གཞོན་པའི་དགེ་ཕྲུག་འགས་མཉམ་དུ་རུབ་ནས་ལག་ཆ་བཟུང་སྟེ་བློ་རྩེ་གཅིག་སྒྲིམ་ངང་ཟངས་ལྷེབ་ཐོག་རི་མོ་བརྐོ་བཞིན་འདུག ཁོང་ཚོའི་ཁྲོད་ལོ་ན་ཆུང་ཤོས་ལོ་16ལས་སླེབས་ཀྱི་མེད། སྒོ་རའི་ནང་དུ་མཐོ་ཚད་སྨི་གཅིག་ལྷག་ཙམ་གྱི་ཟངས་སྐུ་དྲུག་བཞག་འདུག ཀུང་སིའི་ཏུང་ཧྲི་ཀྲང་དང་། པད་ནག་སྲོལ་རྒྱུན་ལག་ཤེས་ཟངས་རྡུང་ལག་རྩལ་གྱི་རྒྱུན་འཛིན་པ་མི་རབས་གསུམ་པ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བཅས་ཡིན་པའི་སྨན་བླ་ཚེ་རིང་གིས་གསར་འགོད་པར་ཟངས་སྐུ་དྲུག་པོ་དེ་དག་ནི་ཀྲེ་ཅང་ཝུན་ཀྲོའུ་ཡི་ཚོང་པས་མངགས་པ་ཞིག་ཡིན་པ་དང་རིན་ཐང་ལ་སྒོར་ཁྲི་110ལྷག་ཙམ་རི་ཡི་ཡོད། “ད་ཆ་མངགས་ཐོ་2022ལོ་བར་མངགས་ཟིན། བོད་ཀྱི་མངགས་ཐོ་ཕུད་ད་དུང་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ། ཧོ་པེ། ཀྲེ་ཅང་། ཀོང་ཏུང་བཅས་ཀྱི་མངགས་ཐོ་ཡང་ཡོད”ཅེས་སྨན་བླ་ཚེ་རིང་གིས་བརྗོད། 

    1974ལོར་པད་ནག་ཏུ་ལྕགས་ཤིང་མཉམ་ལས་ཁང་བཙུགས་པ་དང་། སྨན་བླ་ཚེ་རིང་གི་ཕ་རྒན་འཆི་མེད་སེང་གེ་མཉམ་ལས་ཁང་གི་འགན་འཁུར་བར་གདན་ཞུ་བྱས། འཆི་མེད་སེང་གེས་ད་དུང་གཅུང་པོ་འོད་ཟེར་དང་མཉམ་དུ་ལྷ་ལྡན་གཙུག་ལག་ཁང་དང་དགའ་ལྡན་དགོན་གྱི་ཉམས་བཟོའི་ནང་ཞུགས་མྱོང་བ་དང་། འོད་ཟེར་ད་དུང་ལྷ་ས་གནའ་རབས་འཛུགས་སྐྲུན་མཛེས་རིག་ཀུང་སིའི་དབུ་བཞུགས་བཟོ་བཀོད་པ་ཆེ་མོར་གདན་ཞུ་བྱས། 2009ལོར“སྨན་བླ”ཟངས་སྐུ་བཟོ་བརྐོས་ཁང་རང་སྐྱོང་ལྗོངས་ཀྱི“མི་རིགས་ལས་ཤེས་བཟོ་རྩལ་དཔེ་སྟོན་དུད་ཚང”གྲས་སུ་བཅུག 2010ལོར་ཟངས་སྐུ་བཟོ་བརྐོས་ལག་ཤེས་བཟོ་རྩལ་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་བཅུག་པ་དང་། སྨན་བླ་ཚེ་རིང་ལ་ཡང“མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་པ”དང“བཟོ་རྩལ་མཛེས་རིག་ཆེ་མོ་བའི”མཚན་སྙན་སྤྲད། 

    ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མ་བརྗེད་པའི་དཔེ་ལྟར། ཨ་ཁུ་འོད་ཟེར་ལགས་ནས་ཁྱིམ་རྒྱུད་ཀྱི་ལག་ཤེས་རྒྱུན་འཛིན་རྗེས་སྨན་བླ་ཚེ་རིང་གིས་ཕ་མེས་ནས་བརྒྱུད་ཡོང་བའི་ཟངས་རྡུང་ལག་རྩལ་དེ་དར་རྒྱས་གོང་འཕེལ་བཏང་ནས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་སླད་ལེགས་སྐྱེས་འབུལ་རྒྱུའི་སེམས་ཐག་བཅད། ཁོང་གིས་ཕ་ཤུལ་བུ་འཛིན་གྱི་ལུགས་སྲོལ་དེ་ལས་བརྒལ་ནས་དགེ་ཕྲུག་མང་པོ་བསྡུས་ཏེ། ཕ་མེས་ནས་བརྒྱུད་ཡོང་བའི་ལག་ཤེས་དེ་དཔེ་འཁྱུད་མེད་པར་བསླབས་པ་མ་ཟད། ད་དུང་ཟླ་རེར་དགེ་ཕྲུག་ཚོར་གླ་ཕོགས་དམའ་ཤོས་སྒོར་2000སྤྲད་ཀྱི་ཡོད། 

    ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་རྒྱག་འགོ་ཚུགས་རྗེས་པད་ནག་གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་ཟངས་རྡུང་བཟོ་ཁང་བཅུ་གྲངས་དེ་དག་གཞི་ཁྱོན་ཅུང་ལྡན་པའི་ཟངས་རྡུང་ཁེ་ལས་དགུ་རུ་ཟླ་སྒྲིལ་བཏང་སྟེ། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་བརྩིས། སྨན་བླ་ཚེ་རིང་གིས་རང་འགུལ་ངང་མང་ཚོགས་དབུལ་པོ་52དབུལ་སྒྲོལ་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར། ལོ་མང་རིང་མང་ཚོགས་དབུལ་པོར་ལག་ཤེས་བསླབས་པ་ཕུད། ད་དུང་ཁོང་གིས་རིམ་རྩིས་བྱས་ན་དུད་ཚང་དབུལ་པོར་སྒོར་ཁྲི་40ཙམ་ཞལ་འདེབས་བརྒྱབ། སྨན་བླ་ཚེ་རིང་སོགས་འཇོན་ཐང་ཅན་གྱི་སྣེ་ཁྲིད་འོག་པད་ནག་བ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་དུ་སྐྱོད་པའི་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་ཡོད། 

    ཞིང་ལས་འཚམ་སར་ཞིང་ལས་དང་འབྲོག་ལས་འཚམ་སར་འབྲོག་ལས་ཀྱིས་ཚོགས་ཆུང་ལ་ཐོན་ལས་དང་དུད་ཚང་ལ་ཐབས་ལམ་ཡོད་པར་བྱས་པ། 

    པད་ནག་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སིར་བཅར་འདྲི་ཟིན་རྗེས“འབྲི་ཏ་ས་འཛིན་ཧྲུའུ་ཅིས”གསར་འགོད་པ་པད་ནག་གྲོང་ཚོའི“བུད་མེད་འབྲི་ཏ་ས་འཛིན་དྲོད་ཁང་ཆེན་མོར”ཁྲིད་བྱུང་། 

    “འབྲི་ཏ་ས་འཛིན་ཧྲུའུ་ཅིའི”མིང་ངོ་མར་བག་གྲོ་ཟེར་བ་དང་། རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་ངལ་རྩོལ་དཔེ་བཟང་བ་དང་པད་ནག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་རེད་འདུག རང་ནུས་གང་ལྕོགས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་འབྲི་ཏ་ས་འཛིན་བཏབ་པས“འབྲི་ཏ་ས་འཛིན་ཧྲུའུ་ཅི”ཞེས་པའི་མིང་དེ་ཐོགས། 

    “བུད་མེད་འབྲི་ཏ་ས་འཛིན་དྲོད་ཁང་ཆེན་མོར”སྐྱོད་སྐབས། གྲོང་མི་ཚེ་སྒྲོལ་དང་བུ་མོ་སྒྲོལ་མ་གཉིས་དྲོད་ཁང་ཆེན་མོའི་ནང་འབྲི་ཏ་ས་འཛིན་འཐུ་བཞིན་འདུག་པ་དང་། སོས་ཐོག་ལ་རྫོང་གྲོང་དུ་འཚོང་བར་འགྲོ་རྩིས་འདུག ཁོ་མོའི་ཁྱིམ་གྱིས་བཏབ་པའི་འབྲི་ཏ་ས་འཛིན་གྱི་མདོག་ཡག་ལ། བྲོ་བ་ཞིམ་པ། ལྷད་མེད་པ་བཅས་ཡོད་པས། ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། ན་ནིང་འབྲི་ཏ་ས་འཛིན་བཏབ་པ་ཁོ་ནས་ཚེ་སྒྲོལ་ཁྱིམ་ལ་འབབ་འཕར་སྒོར་ཁྲི་1ལྷག་བྱུང་འདུག

    2009ལོ་ནས་བཟུང་པད་ནག་གྲོང་ཚོར་འབྲི་ཏ་ས་འཛིན་བཏབ་པ་དང་། སྐབས་དེ་དུས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་པའི་བག་གྲོས་འབྲི་ཏ་ས་འཛིན་འདེབས་པའི“མྱུར་འགྲུབ་རྣམ་གྲངས”གཉེར་རྒྱུའི་བསམ་བློ་འཁོར། གོང་རིམ་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ཁོང་གིས་རྒྱལ་ཁབ་ཀྱི་རྣམ་གྲངས་མ་དངུལ་སྒོར་ཁྲི་30བརྩོན་ལེན་བྱས། གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་མང་ཚོགས་དུད་ཚང་10ཡིས་སྒོར་ཁྲི་3མ་རྩ་འཇོག་རྒྱུའི་སྐུལ་སློང་བྱས་ནས། དྲོད་ཁང་ཆེ་མོ་སྟར་པ་10བསྐྲུན་ཐོག་པད་ནག་ཞིང་འབྲོག་པའི་འབྲི་ཏ་ས་འཛིན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས། 

    “འབྲི་ཏ་ས་འཛིན་ཧྲུའུ་ཅིར”“འབྲི་ཏ་ས་འཛིན་གྱི་ཕུགས་འདུན”ཞིག་ཡོད་པ་སྟེ། པད་ནག་གྲོང་ཚོའི་འབྲི་ཏ་ས་འཛིན་འདེབས་འཛུགས་དེ་སྟག་རྩེ་ཆུས་དང་ཐ་ན་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་གྱི་སྤུས་རྟགས་རྣམ་གྲངས་སུ་བསྐྲུན་རྒྱུ་དེ་ཡིན། དོན་དེའི་སླད་དུ་པད་ནག་གྲོང་ཚོས་སྔ་རྗེས་སུ་ས་མཐོར་འཚམ་པའི་འབྲི་ཏ་ས་འཛིན་སོན་བཟང་ནང་འདྲེན་བྱས་ཏེ། འདེབས་འཛུགས་རྒྱ་ཁྱོན་དེ་སྔའི་དྲོད་ཁང་སྟར་པ་10ནས་སྟར་པ་80བར་འཕེལ་རྒྱས་བཏང་བ་དང་། འདེབས་འཛུགས་རྒྱ་ཁྱོན་མུའུ་40ཟིན་ནས་ལོར་ཐོན་འབབ་རྒྱ་མ་ཁྲི་4ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་80ཟིན་ཏེ། པད་ནག་ཞིང་འབྲོག་པའི་འབྲི་ཏ་ས་འཛིན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ཡང་པད་ནག་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞིར་མིང་གྱུར་བ་དང་། བུད་མེད་གཙོ་བོར་བྱེད་པའི“བུད་མེད་འབྲི་ཏ་ས་འཛིན་དྲོད་ཁང་ཆེན་མོ”བསྐྲུན། འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞིས་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ཆབས་ཅིག གྲོང་ཚོ་ཡོངས་ཀྱི་མང་ཚོགས་དབུལ་པོ་དུད་ཚང་42ཀྱི་མི་གྲངས་200ལྷག་ཙམ་ཐོན་ལས་འཕེལ་རྒྱས་ནང་ཞུགས་ནས་འབབ་འཕར་དབུལ་སྒྲོལ་ཐུབ་པར་སྐུལ་ཁྲིད་བྱས་པར། མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་4000ལྷག་ཙམ་བྱུང་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།