[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • འོམ་བུའི་ཐང་གཤོངས་ཐོག་གི་གྲོང་གསར།

    —— བོད་ནུབ་ཀྱི་གྲོང་རྡལ་སེང་གེ་ཁ་འབབ་ཀྱི་གནའ་དེང་སྐོར་བཀོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ལོ་པོ་དང་། ཀྲོའུ་ཅིན་ཧྲོའེ། ཀྲང་ཅིང་ཕིན།    |    སྤེལ་དུས།   2019-09-16

    མེས་རྒྱལ་ནུབ་རྒྱུད་ཀྱི་ནུབ་ཤོས་དང་མཚོ་བོད་ས་མཐོའི་ཡང་རྩེ་ནི“མཁའ་དབྱིངས་ཀྱི་མངའ་རིས”རེད།

    ཀྲུང་གོ་གསར་པ་དབུ་བརྙེས་རྗེས། འོམ་བུ་ཐར་ཐོར་ལས་མེད་པའི་ཐང་སྟེང་དུ་འགྱིང་ངེར་ཆགས་པའི་ས་མཐོའི་གྲོང་གསར་དེར་ད་ཆ་སྟར་སྒྲིག་གི་ཐོག་བརྩེགས་ཁང་བཟང་དང་། ཚང་ཚིང་དུ་སྐྱེས་པའི་ལྗོན་ཤིང་། བགྲང་གིས་མི་ལངས་པའི་ཚོང་དུད་བཅས་ཡོད། གྲོང་གསར་དེ་ད་ཆ་བོད་ནུབ་ས་མཐོའི་འགྲིམ་འགྲུལ་གྱི་ལྟེ་གནས་དང་། དཔལ་འབྱོར་དང་རིག་གནས་ཀྱི་ལྟེ་གནས། ཡུལ་སྐོར་བསྡུ་འགྲེམ་གྱི་ལྟེ་གནས་བཅས་སུ་གྱུར་ཞིང་། དེས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་རིང་གི་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གི་དཔང་པོ་བྱེད་ཐུབ།

    མཚམས་གཅོད་ཀྱི་ཚོང་ཁང་གསར་པ།

    ལོ་41ལ་སླེབས་པའི་མཚམས་གཅོད་རང་ཡུལ་དང་བྲལ་ནས་ལོ་མང་སོང་བ་དང་། ལྷན་སྐྱེས་རང་བཞིན་གྱི་བྱིས་པའི་སྦྲིད་ནད་ཕོག་པར་བརྟེན། ད་བར་རྐང་པ་གཡས་པ་འགྲོ་སྐྱོད་སྟབས་བདེ་པོ་མེད། ཁོ་མོའི་ཁྱིམ་དུ་ད་དུང་ནད་གཞི་ཕོག་ནས་ལུས་ཟུངས་ཉམས་པའི་ཨ་མ་རྒན་མོ་ཞིག་དང་སློབ་གྲྭ་འགྲིམ་བཞིན་པའི་བུ་མོ་ཞིག་ཡོད་པས། མ་མཐའི་འཚོ་བ་འགན་ལེན་གྱི་རོགས་དངུལ་ལ་བརྟེན་ནས་འཚོ་བ་འཕྱིད་ཐབས་བྱེད་དགོས་ཀྱི་ཡོད།

    2018ལོའི་ཟླ་7པར། སྲིད་གཞུང་གི་དབང་པོ་སྐྱོན་ཅན་གྱི་ལས་གཏོད་ལས་ཞུགས་ཀྱི་རོགས་སྐྱོར་སྲིད་ཇུས་ཀྱི་གཟིགས་སྐྱོང་ཐོབ་ཅིང་། ཇ་ཁང་གཅིག་དང་ཙག་ཙིག་ཚོང་ཁང་གཅིག་ཡོད་པའི“མཚམས་གཅོད་ཀྱི་ཚོང་ཁང”ཞེས་པ་བཙུགས།

    མངའ་རིས་ས་ཁུལ་བསྡོམས་རྩིས་ཅུས་ཀྱི་2018ལོའི་གྲངས་གཞི་ལས་མངོན་པར། སེང་གེ་ཁ་འབབ་གྲོང་རྡལ་ལ་2010ལོར་མི་ཁྲི་1.05ལས་མེད་པ་དང་ད་ཆ་རྒྱུན་སྡོད་གྲོང་མི་ཁྲི་2.45ཡོད་པ་རེད། 2018ལོའི་ཟླ་7པར་སེང་གེ་ཁ་འབབ་གྲོང་རྡལ་ཚུད་པའི་སྒར་རྫོང་འདི་ཉིད་རྒྱལ་ཁབ་ཀྱི་ཁྱོན་ཡོངས་དབུལ་སྒྲོལ་གྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་རེད།

    “ཉམས་བཟོ་ཁང”གི་ལས་སྒོའི་འགྱུར་ལྡོག

    ལོ་55ལ་སླེབས་པའི་ཁྲུང་ཆིང་བ་ཅུས་ཞའོ་ཕིང་ནི་ཤ་རྩ་རི་གྲོང་གི་མི་ལས་ཤ་མདོག་ནག་ལ་རྒྱང་མཐོང་མིག་ཤེལ་མཐུག་པོ་ཞིག་བརྒྱབ་ནས་ཡོད། 1990ལོར་སེང་གེ་ཁ་འབབ་ཏུ་སླེབས་པའི་ཁོང་གིས་དེ་གར་ལོ་30དཀའ་སྤྱད་འབད་འཐབ་བྱས། སེང་གེ་ཁ་འབབ་ནི་བོད་ལྗོངས་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་གནས་ས་ཡིན།

    ཁོང་གིས་སེང་གེ་ཁ་འབབ་གྲོང་རྡལ་གྱི་རླངས་འཁོར་ཉམས་བཟོ་ཁང་ཨང་དང་པོ་དེ་བཙུགས། ཐོག་མར་ཉམས་བཟོ་ཁང་ཐབས་ཆག་ཅིག་ལས་མེད་ལ་ས་ཆ་ཁུག་ཀྱོག་ཅིག་ཏུ་གནས་པ་མ་ཟད་མིང་ཡང་ཐེངས་མང་བསྒྱུར་མོད། འོན་ཀྱང་ཉམས་བཟོ་ཁང་གི་སྐོར་གླེང་མ་ཐག་དེ་གའི་ཁ་ལོ་བ་ཚོས་མི་ཤེས་པ་གཅིག་ཀྱང་མེད།

    ཉམས་བཟོ་ཁང་དེ་སེང་གེ་ཁ་འབབ་གྲོང་རྡལ་དུ་བཙུགས་ནས་ལོ་27འགྲོ་ཡི་ཡོད།

    མངའ་རིས་ས་ཁུལ་འགྲིམ་འགྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུང་ཁྲང་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སེང་གེ་ཁ་འབབ་གྲོང་རྡལ་དུ་སྔོན་ཆད་མངའ་རིས་ས་ཨུད་ཉེ་འགྲམ་གྱི་ཨར་འདམ་ལམ་དེ་ཁོ་ན་ལས་མེད་པ་དང་གྲོང་ཁྱེར་ནང་ཁུལ་དང་མཐའ་འཁོར་གྱི་འགྲོ་ལམ་ཚང་མ་ས་ལམ་དང་། འདམ་རྫབ་ལམ། འབར་འབུར་ཆེ་བའི་ལམ་ཤ་སྟག་རེད།

    མིག་སྔར་སེང་གེ་ཁ་འབབ་གྲོང་རྡལ་གྱི་འགྲོ་ལམ་ཚང་མ་ཨར་འདམ་ལམ་དུ་གྱུར་པ་དང་། ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་ཟམ་མི་ཆད་པར་སྣུར་སྲིང་བྱུང་བས། མངའ་རིས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    ཚང་ཚིང་དུ་སྐྱེས་པའི་འོམ་ཤིང་གི་ཡུལ་ལྗོངས།

    དུས་རབས་གོང་མའི་ལོ་རབས་60པའི་དུས་དཀྱིལ་དུ། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་སེང་གེ་ཁ་འབབ་གྲོལ་རྡལ་དུ་སྤོས། དེ་གར་དགུན་ཁ་རིང་ལ་གྲང་ཟུག་ལྷག་པར་ཆེ་སྟབས་འབུད་ཤིང་གི་དགོས་མཁོ་ཆེན་པོ་ཡོད་པའི་ཁར། རྡོ་སོལ་དང་གློག་སོགས་མཁོ་འདོན་བྱེད་ཚད་མི་འདང་བས་འོམ་བུ་བཅད་ནས་འབུད་ཤིང་བྱ་རྒྱུ་ལས་མ་འདས།

    “དཔྱིད་འགོ་ཚུགས་པ་ནས་སྟོན་མཇུག་མ་འགྲིལ་བར་གྲང་ལྷགས་རྫོགས་རྒྱུ་མེད་པ་ལྡང་། ལོ་འཁོར་མོར་ཆར་པ་ཆར་ཐིགས་གཅིག་ཀྱང་མ་བབས་པར་ཐན་པ་ཁོ་ན་བསྟན”དེ་ནི་དུས་རབས་དེའི་སེང་གེ་ཁ་འབབ་ཀྱི་དངོས་མཚོན་ཞིག་རེད།

    གསར་འགོད་པར་མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། 1989ལོར་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་སེང་གེ་ཁ་འབབ་གྲོང་རྡལ་གྱི་བྱེ་རླུང་བཅོས་སྒྲིག་བྱ་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་པ་མ་ཟད། 1994ལོར་སེང་གེ་ཁ་འབབ་ཀྱི་གཤོང་སའི་སྐྱེ་དངོས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ལས་གྲྭ་ཡང་དངོས་སུ་གཉེར་འགོ་བཙུགས་ནས་ད་བར་ཏག་ཏག་ལོ་25སོང་ཡོད།

    ད་ཆ་གང་སར་འོམ་ཤིང་གིས་ཁེངས་ནས་ཡུལ་ལྗོངས་ལྷག་པར་མཛེས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།