[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • དགའ་སྤྲོས་ཁེངས་པའི“དུ་མེད་གྲོང་ཚོ”

    —— རྒྱལ་རྩེ་རྫོང་ཤར་འདབས་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་གྲོང་གསེབ་འཛུགས་སྐྱོང་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-04

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་ཤར་འདབས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་དབང་རྒྱལ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་ཚེ་རིང་གིས་ཤར་འདབས་གྲོང་ཚོ་འདི་ཉིད་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་དཔེ་སྟོན་ས་ཚིགས་ཡིན་པའི་ངོས་ནས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་། གྲོང་གསེབ་ཀྱི་ཤེས་དཔལ་འཛུགས་སྐྱོང་འདི་ཉིད་དམིགས་ཚད་གཙོ་བོར་བརྩིས་ཏེ་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་བས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་ཕན་འབྲས་ཡག་པོ་ཐོན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    ཤེས་དཔལ་འཛུགས་སྐྱོང་ཐ་མག་ཚོད་འཛིན་བྱེད་པ་ནས་འགོ་བཙུགས་པ།

    “ཐ་མག་ཚོད་འཛིན་བྱེད་པ་ནི་ཤེས་དཔལ་གྱི་མཚོན་རྟགས་ཤིག་རེད” བསྟན་འཛིན་དབང་རྒྱལ་གྱིས་གསར་འགོད་པར་ཁོང་ཉིད་ཀྱིས་ཐ་མག་ཚོད་འཛིན་བྱེད་པ་ནས་འགོ་བཙུགས་ཏེ་ཤར་འདབས་གྲོང་ཚོའི་ཤེས་དཔལ་གྲོང་གསེབ་འཛུཌ་སྐྱོང་ལ་སྐུལ་འདེད་བཏང་བ་ཡིན་ཞེས་བཤད།

    བསམ་བློ་འཁོར་མ་ཐག་བྱ་སྤྱོད་སྤེལ་ཞིང་། བསྟན་འཛིན་དབང་རྒྱལ་གྱིས་གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་ཚོས་ཐ་མག་གཅོད་རྒྱུའི་སྐུལ་སློང་བྱས་པས་ཚང་མས་རང་མོས་ངང་ཐ་མག་གཅོད་རྒྱུའི་ཁས་བླངས་ནས་ཕན་འབྲས་ཧ་ཅང་ཡག་པོ་ཐོན་རྗེས། ཁོང་གིས་འཕྲལ་མར་གྲོང་མིའི་ཚོགས་ཆེན་འཚོགས་ཏེ་གྲོང་ཚོ་ཡོངས་སུ་ཐ་མག་ཚོད་འཛིན་གྱི་བྱེད་སྒོ་སྤེལ་རྒྱུའི་དྲིལ་བསྒྲགས་བྱས་ཤིང་། གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་གྱི་སྣེ་ཁྲིད་འོག ཐ་མག་འཐེན་མཁན་གྲོང་མི་ཚོ་ཡང་ཐ་མག་གཅོད་པའི་བྱེད་སྒོར་ཞུགས་པ་རེད།

    པ་སངས་ཚེ་རིང་གིས“གནད་དོན་བསྐྱར་ལོག་མི་བྱེད་པའི་ཆེད་དུ། ང་ཚོས་དུ་མེད་གྲོང་ཚོ་བསྐྲུན་པ‘གྲོང་སྲོལ་དམངས་ཆིངས’ནང་བཅུག་པ་དང་། དེ་ཉིད་གྲོང་མིར་བསམ་བློའི་སློབ་གསོ་རྒྱག་པ་དང་གཞི་རིམ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གལ་ཆེའི་དམ་འཛིན་བྱ་གཞིར་བྱས་པ་ཡིན། མིག་སྔར་ང་ཚོའི་གྲོང་ཚོར་ཐ་མག་འཐེན་མཁན་གཅིག་ཀྱང་མེད་པས‘དུ་མེད་གྲོང་ཚོའི’དམིགས་ཚད་མངོན་འགྱུར་བྱུང་སོང”ཞེས་བཤད།

    གྲོང་མི་ཚོས་ཤེས་དཔལ་ལྡན་པའི་འཚོ་བ་བསྐྱལ་བ།

    བསྟན་འཛིན་དབང་རྒྱལ་གྱིས“ཐ་མག་གཅོད་པ་དང་ཚོད་འཛིན་བྱེད་པའི་ལས་དོན་ནི་མཚོན་བྱེད་རང་བཞིན་གྱི་བྱེད་སྒོ་ཞིག་རེད། ང་ཚོའི་དམིགས་ཚད་གལ་ཆེ་ཤོས་ནི་གྲོང་མི་ཡོངས་ཀྱིས་བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བ་བསྐྱལ་རྒྱུ་དེ་ཡིན”ཞེས་བཤད་པ་དང་། དེའི་ཆེད་དུ་ཤར་འདབས་གྲོང་ཚོས་སྤྱོད་གོ་ཆོད་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་རེད།

    ད་ཆ་གྲོང་ཚོའི་ནང་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་ཆས་ཆ་ཚང་ཡོད་ལ། ཟླ་རེར་དུས་བཀག་དང་དུས་ངེས་མེད་ངང་གྲོང་ཚོ་ཡོངས་སུ་གད་ཕྱིས་གཙང་སྦྲའི་བྱེད་སྒོ་སྤེལ་གྱི་ཡོད་པས། གྲོང་ཚོ་ཡོངས་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཆེས་ཆེར་ཕྱིན་ཞིང་། བསྟན་འཛིན་དབང་རྒྱལ་གྱིས“གྲོང་ཚོའི་ནང་ཁུལ་གྱི་འཕྲོད་བསྟེན་ཕུད། ང་ཚོས་ད་དུང་དུས་བཀག་ཐོག་གྲོང་ཚོའི་ཉེ་འགྲམ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་པ་དང་། ལྷག་པར་དུ་རྒྱལ་མཁར་གྲོང་ཚོ་ནས་མྱང་སྟོད་ཤང་བར་གྱི་ཤར་འདབས་གྲོང་ཚོའི་ཁོངས་གཏོགས་ཀྱི་མྱང་ཆུ་དང་རི་ནང་ཕུ་ཆུ་ཚུད་པའི་གྲོང་ཚོའི་ཆུ་ཡུར་ནང་གི་གད་སྙིགས་ཚང་མ་དུས་བཀག་ཐོག་གཙང་ཕྱགས་བྱེད་ཀྱི་ཡོད”ཅེས་ཁ་གསབ་བྱས་བྱུང་།

    འཚོ་བ་ཡག་པོར་རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་ཡོད་དགོས།

    བསྟན་འཛིན་དབང་རྒྱལ་གྱིས་རྒྱལ་རྩེའི་མདའ་མང་དུས་ཆེན་ལ་ཞུགས་པ་ཕུད། ཤར་འདབས་གྲོང་ཚོས་ད་དུང་ལོ་རེར་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད་པའི་ནང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་བྱེད་སྒོ་དང་། “3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ། “བདུན་གཅིག”ལན་ཆིའུ་སྤོ་ལོའི་འགྲན་བསྡུར། “བརྒྱད་གཅིག”གླིང་ཁའི་དུས་ཆེན་གྱི་མཉམ་འབྲེལ་བྱེད་སྒོ་སོགས་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    པ་སངས་ཚེ་རིང་གིས“བརྒྱད་གཅིག”གླིང་ཁའི་དུས་ཆེན་གྱི་མཉམ་འབྲེལ་བྱེད་སྒོ་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་ཆེས་དགའ་བསུ་ཐོབ་པའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཞིག་ཡིན་པ་དང་། རྒྱལ་རྩེ་རྫོང་ཡོངས་སུ་སྐད་གྲགས་ཆེན་པོ་ཡོད་པ་རེད། བྱེད་སྒོའི་རིང་གླིང་ཁ་གཏོང་བ་ཁོ་ན་མ་ཡིན་པར་གྲོང་ཚོའི་ལོ་འཁོར་གྱི་ཕྱོགས་སྡོམ་ཚོགས་ཆེན་འཚོགས་ཏེ་སྔོན་ཐོན་ཚོགས་ཆུང་དང་། དུད་ཚང་། མི་སྒེར་བཅས་ལ་བྱ་དགའ་དང་། བྱ་དགའི་དངུལ། བྱ་དགའི་དངོས་རྫས་སོགས་སྤྲོད་པ་དང་། གྲོང་ཚོའི་གྱོན་ཆས་ངོམ་སྟོན་བྱས་ཏེ་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་པར་བྱེད་ཀྱི་ཡོད། གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་རྒན་རྒོན་ཚོར་འཚམས་འདྲིའི་དངོས་རྫས་སྤྲད་དེ་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཚོགས་ཆུང་ཁག་གིས་རིག་རྩལ་འགྲན་བསྡུར་བྱས་ཏེ་དུས་རབས་གསར་པའི་འཚོ་བ་གསར་པར་བསྟོད་གླུ་ཕུལ་བ་ཡིན་ཞེས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།