[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གླ་གཡེར་གྲོང་ཚོའི་བྲེལ་འཚུབ་ཆེ་བའི་ཉིན་ཞིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-21

    མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་ཆགས་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་གླ་གཡེར་གྲོང་ཚོར་དུད་ཚང་76དང་མི་241ལས་མེད། ཟླ་9ཚེས་19ཉིན་ནི་གླ་གཡེར་གྲོང་ཚོར་མཚོན་ན། བྲེལ་འཚུབ་ཆེ་བའི་ཉིན་ཞིག་རེད། ཉིན་གཉིས་པའི་གྲོང་ཚོ་ཡོངས་སྡོད་ཁང་གསར་པར་སྤོ་བའི་ཁང་གསོལ་མཛད་སྒོའི་ཆེད། དེ་ཉིན་ཞོགས་པ་སྔ་པོ་ནས་བུད་མེད་ཚོས་གཞུང་ལམ་ལ་གཙང་སྦྲ་བྱེད་པ་དང་། ན་གཞོན་འགའ་ཞིག་གིས་གཞུང་ལམ་གྱི་གཞོགས་གཉིས་སུ་ཚོན་དར་ཆ་ཟུར་གསུམ་མ་འཛུགས་པ། གཞོན་པ་འགའ་ཞིག་གིས་གྲོང་ཚོར་གསར་དུ་བསྐྲུན་པའི“ཐོག་མའི་བསམ་འདུན་བརྗེད་མི་རུང”ཞེས་པའི་རྡོ་རིང་གི་ཡོལ་བ་དམར་པོ་ཕྱེ་བཞིན་ཡོད།

    ཚེས་19ཉིན་ཞོགས་སྔ་པོ་ནས་གྲོང་ཚོའི་ནང་བྲེལ་འཚུབ་ཀྱིས་འཁེལ་བའི་མི་ཚོགས་ཁྲོད། སྟོད་ཅུང་ཟད་སྒུར་བའི་ཨ་མ་རྒན་མོ་ཞིག་གིས་འཆམ་འཆམ་བྱེད་ཞོར་ཚང་མ་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་ཡོད།

    ཁོང་གི་མིང་ལ་པད་མ་ཆོས་སྒྲོན་ཟེར་བ་དང་ད་ལོ་ལོ་77ལ་སླེབས་ཀྱི་ཡོད། དེ་སྔོན་ལོ་47གྲོང་ཚོའི་ལས་བྱེད་པ་བྱེད་མྱོང་བའི་ཁོང་གིས་ཕར་ལྟར་ཚུར་ལྟ་བྱས་ཏེ་རང་ཉིད་ཀྱིས་བྱེད་ཐུབ་པ་གང་ཡོད་མེད་ལྟ་བཞིན་ཡོད།

    “ཕྲུ་གུ་ཚོས་ང་རང་ལས་ཀ་བྱེད་དུ་འཇུག་གི་མི་འདུག སང་ཉིན་ང་ཚོའི་གྲོང་ཚོའི་བཀྲ་ཤིས་པའི་ཉིན་མོ་རེད། གྲོང་ཚོ་བཀོད་སྒྲིག་མཛེས་པོ་དེ་འདྲ་བཟོ་དུས་ང་རང་ཡང་སྡོད་བློས་བཟོད་ཀྱི་མི་འདུག”ཅེས་པད་མ་ཆོས་སྒྲོན་གྱིས་བྱམས་བརྩེ་ཆེན་པོས་བཤད།

    པད་མ་ཆོས་སྒྲོན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་གླ་གཡེར་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་། ཁོང་གི་སྡོད་ཁང་གསར་པར་སྨི་ངོས་གྲུ་100ཡོད་པས་ནང་མི་ཚང་མ་ལྷོད་ཤིག་ཤིག་ངང་སྡོད་རྒྱུ་ཡོད།

    གླ་གཡེར་གྲོང་ཚོའི་གྲོང་མིའི་སྡོད་ཁང་གསར་པར་ཁྱོན་སྟར་པ་56ཡོད་པ་མ་ཟད། ཨར་འདམ་ལྕགས་རྩིབ་སྡོད་ཁང་དང་ས་སྡོད་ལས་གྲུབ་པའི་སྒོ་རྭ་ཡང་ཡོད། “གཅིག་གྱུར་འཆར་འགོད་དང་གཅིག་གྱུར་ཨར་སྐྲུན་བྱས་པས་མ་ཚད་ཁང་པ་མཛེས་བཟོར་དངུལ་སྐར་ལི་གཅིག་ཀྱང་སྤྲོད་དགོས་མེད། དུད་ཚང་སོ་སོའི་ནང་མི་མང་ཉུང་ལ་གཞིགས་ཏེ་སྨི་ངོས་གྲུ་100དང་། སྨི་ངོས་གྲུ་130 སྨི་ངོས་གྲུ་180བཅས་ཁང་པ་ཆེ་ཆུང་མི་འདྲ་བ་གསུམ་ཡོད”ཅེས་གླ་གཡེར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་གིས་ངོ་སྤྲོད་བྱས།

    “ཁང་པ་འདི་འདྲའི་ནང་སྡོད་རྒྱུ་ཡོང་སྙམ་པ་བསམ་པའི་ཡུལ་ལ་ཡང་འཁོར་མྱོང་མེད། ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ལས་འདས་མ་སོང”ཞེས་པད་མ་ཆོས་སྒྲོན་གྱིས་གསར་འགོད་པའི་ལག་ནས་འཇུས་ཏེ་བཤད།

    1942ལོར་སྐྱེས་པའི་པད་མ་ཆོས་སྒྲོན་གྱི་ཁྱིམ་ལ་གཅེན་གཅུང་བཅུ་ཡོད་པ་དང་། ཐོན་སྐྱེད་རྒྱུ་ཆ་དང་འབྲུ་རིགས་ཚང་མ་ཞིང་བྲན་བདག་པོར་དབང་བས། ནང་མི་12ལ་ཞིང་བྲན་བདག་པོའི་ས་ནས་མི་1གི་བཟའ་འབྲུ་ལས་ལེན་རྒྱུ་མེད། ནང་མི་ཚོ་གུར་ཧྲལ་ཧྲུལ་ནང་འཚང་ཁ་ཤིག་ཤིག་གིས་སྡོད་དགོས་པས་གྲང་ཟུག་དང་། འཚང་ཁ་ཆེ་བ། གཙང་སྦྲ་མེད་པ་བཅས་ནི་ཁོང་གི་རང་ཉིད་སྡོད་སའི་དྲན་འཆར་ཐོག་མ་དེ་རེད།

    “ད་ཆ་འགྱོད་པ་ཆེ་ཤོས་ནི་རང་ཉིད་ན་སོ་རྒས་པ་དེ་རེད། འཚོ་བ་སྐྱིད་པོ་དེ་འདྲ་མུ་མཐུད་ལོ་ཁ་ཤས་སྐྱེལ་འདོད་འདུག”ཅེས་པད་མ་ཆོས་སྒྲོན་གྱིས་བློ་ཕམ་དང་བཅས་བཤད།

    ཡང་ཚེས་19ཉིན་གྱི་ཞོགས་པ་དེར་ལོ་50ལ་སླེབས་པའི་དམག་ཞབས་ཐིམ་པའི་དམག་མི་བག་བྲོས་རང་ཉིད་ཀྱི་བཟའ་ཟླ་སྐྲ་བཟང་དང་མཉམ་དུ་སྨི་ངོས་གྲུ་180ཡོད་པའི་སྡོད་ཁང་གསར་པར་གཙང་སྦྲ་བྱས་ཏེ་ཉིན་གུང་བར་ངལ་གསོ་བརྒྱབ་མེད།

    “ནང་ཆས་ཚང་མ་ཉིང་ཁྲི་གྲོང་ཁྱེར་དུ་ཉོ་བར་ཕྱིན་ནས་དབོར་བ་ཡིན”ཞེས་བག་བྲོས་གསར་འགོད་པར་བཤད་བྱུང་།

    དེ་ནི་སྔོན་མ་བསམ་ཚོད་བྱེད་དཀའ་བ་ཞིག་རེད“སྔོན་མ་གྲོང་ཚོའི་ནང་མི་ཕྱུགས་འགྲོ་སའི་རྐང་ལམ་ཕྲ་མོ་ཞིག་ལས་མེད་ཅིང་། ཆར་དུས་འཆར་རིམ་བཞིན་ལྕི་བ་དང་འདམ་རྫབ་ཀྱིས་ཁེངས་ནས་ཧ་ཅང་བཙོག་ཅིང་དྲི་མ་ངན་པོ་ཡོད། སྐབས་དེ་དུས་རྟ་བཞོན་ཏེ་ཤང་ནས་གྱོན་གོས་དང་ཚྭ་སོགས་མཁོ་ཆས་ཉོ་བར་འགྲོ་བ་དང་ཚུར་ལོག་པ་ཁོ་ནར་ཆུ་ཚོད་10ཙམ་འགོར་གྱི་ཡོད”ཅེས་བག་བྲོས་བཤད།

    ཚེས་19ཉིན་ལོ་51ལ་སླེབས་པའི་གྲོང་མི་སྐར་མ་བསམ་གྲུབ་ཉིན་གང་ལས་བྲེལ་བྱེད་ཅིང་། ཁང་པ་གསར་པར་ཚ་ཚར་འུར་འུར་ངང་མཛེས་བཟོ་བྱེད་བཞིན་ཡོད། གསར་འགོད་པ་སྒོར་འཛུལ་སྐབས་ཁོང་གིས་ཁང་པ་མཛེས་བཟོ་བྱེད་མཁན་ཚོ་དང་ཚོམས་ཆེན་གྱི་བང་ཁྲི་གང་འདྲ་བཟོ་དགོས་མིན་གྲོས་བསྡུར་བྱེད་བཞིན་ཡོད།

    སྐར་མ་བསམ་གྲུབ་ཀྱིས་གསར་འགོད་པ་རྣམས་ཁོང་གི་བུ་ཆུང་བ་བསམ་ཆུང་ལ་གྲ་སྒྲིག་བྱས་པའི་ཁང་པར་ལྟ་སྐོར་ལ་འཁྲིད་བྱུང་། “འདི་ལོ་བུ་མཐོ་འབྲིང་ལོ་རིམ་གསུམ་པར་སླེབས་ཀྱི་ཡོད། སློབ་སྦྱོང་སྦྱངས་འབྲས་རྟག་པར་འཛིན་གྲྭའི་ནང་ཨང་དང་པོ་རེད། ང་རང་ལ་རིག་གནས་སྦྱོང་བའི་བསྐལ་བ་མ་བྱུང་བས་ངས་ངེས་པར་དུ་བུ་སློབ་སྦྱོང་མཐར་ཕྱིན་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། བུ་དགུན་གསེང་ལ་ལོག་ཡོང་སྐབས་ཁང་པའི་མཛེས་བཟོ་ཡང་སྤྱིར་བཏང་ཚར་གྱི་ཡོད། དེ་དུས་བུ་གཏན་གཏན་དགའ་པོ་ཡོང་གི་རེད”ཅེས་བུ་ཆུང་བ་བསམ་ཆུང་གི་སྐོར་གླེང་སྐབས་སྐར་མ་བསམ་གྲུབ་ཀྱིས་སྤོབས་པ་ཆེན་པོས་བཤད།

    གྲོང་ཚོ་ཨུ་ལྷན་གནས་ཡུལ་གསར་པའི་འཁྲིས་སུ་ལྕགས་རི་སེར་པོ་ཡིན་པའི་བུ་བཅོལ་ཁང་གི་རྩིག་རྨང་བཏིངས་ཟིན་པས་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་སྤྱོད་འགོ་ཚུགས་རྒྱུ་རེད། མིག་སྔར་གྲོང་ཚོ་ཡོངས་ཀྱི་སློབ་ལོ་ལོན་པའི་བྱིས་པ་སློབ་ཞུགས་བྱེད་ཚད་བརྒྱ་ཆ་བརྒྱ་ཟིན་པ་དང་། ཉེ་བའི་ལོ་5ཡི་རིང་གླ་གཡེར་གྲོང་ཚོ་ནས་སློབ་མ་9སློབ་ཆེན་ལ་ཚུད་ཡོད་ཅེས་སྐལ་བཟང་གིས་གསར་འགོད་པར་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།