[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཕྱུག་པོ་ཆགས་དགོས་ལ་རིག་གནས་ཆུ་ཚད་དེ་བས་མཐོ་རུ་གཏོང་དགོས།

    ——ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་པད་ནག་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཨང་དང་པོ་བག་གྲོའི་ཕུགས་འདུན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

    1965ལོར་སྐྱེས་པའི་བག་གྲོ་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་རེད། ཁོང་ནི་གྲོང་ཚོའི་ནང་སྐད་གྲགས་ཆོད་པའི་མི་ཞིག་རེད། ཚང་མས་ཧྲུའུ་ཅི་བག་གྲོས་ང་ཚོའི་སྣེ་ཁྲིད་དེ་ཕྱུག་པོའི་ལམ་དུ་བསྐྱོད་ཅིང་། དེ་བས་གལ་འགངས་ཆེ་བ་ཞིག་ནི་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་ཚོ་ཡོངས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅེས་བརྗོད་ཀྱི་ཡོད།

    “ཧྲུའུ་ཅི་བག་གྲོ་ཡོད་པའི་དབང་གིས་ངའི་ཁྱིམ་ཚང་གི་ཡོང་འབབ་ལྡབ་ཁ་ཤས་མང་དུ་ཕྱིན་ཏེ་འཚོ་བ་སྔར་བས་ལེགས་སུ་འགྲོ་བཞིན་ཡོད”ཅེས་ཡུལ་མི་ཨ་ནུའུ་ཡིས་བསྔགས་བརྗོད་བྱས་ཤིང་། ཁོང་གིས་བག་གྲོའི་སྣེ་ཁྲིད་འོག་2018ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་22ཟིན་ནས། པད་ནག་གྲོང་ཚོའི་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ལྡབ་ཁ་ཤས་མང་དུ་ཕྱིན་ཏེ་སྒོར་15900ཟིན་ཡོད་ཅེས་བརྗོད།

    ཡུལ་མི་ཚོ་འཚོ་བ་བདེ་སྐྱིད་ལྡན་པ་སྐྱེལ་རྒྱུ་བྱུང་ཡོད་ཀྱང་། བག་གྲོ་ད་དུང་བློ་ཡིད་ཚིམ་ནས་མ་སྡོད་པར་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་མང་ཚོགས་ཚོར་སྔར་བས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུའི་སློབ་གསོ་གཏོང་གི་ཡོད། ཁོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དེ་མང་ཚོགས་ཀྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བའི་ནང་མཉམ་འདྲེས་ཡོང་བ་བྱས་ནས། ཡུལ་མིའི་རྗེས་ལུས་ཀྱི་བསམ་བློའི་འདུ་ཤེས་འགྱུར་རྒྱུ་ནས་འགོ་བརྩམས་ཏེ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་རྣམས་ཤེས་དཔལ་དང་སྐྱོན་བྲལ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་ཀྱི་ཡོད། བག་གྲོས“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཕྱུག་པོ་ཆགས་དགོས་ལ་དེ་བས་ཤེས་བྱའི་གནས་ཚད་མཐོ་རུ་གཏོང་དགོས་པ་ནི་ངའི་ད་ལྟའི་ཕུགས་འདུན་ཡིན”ཞེས་བརྗོད།

    བག་གྲོས་ཕུགས་འདུན་མངོན་འགྱུར་ཡོང་བ་དང་གཞན་ལ་མིག་དཔེ་བསྟན་ནས་དུས་ཚོད་དང་སེམས་ནུས་ཕལ་ཆེ་བ་ཏང་གི་སྲིད་ཇུས་དང་རིཌ་པའི་གཞུང་ལུགས་སློབ་སྦྱོང་ཐད་སྤྱད་པས། རང་ཉིད“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་ཕུལ་བྱུང་ཞིག་ཏུ་གྱུར་ཡོད།

    བརྩོན་འགྲུས་བྱས་ན་མ་འགྲུབ་བྱ་བ་མེད། ད་ཆ་བག་གྲོས་ཏང་གི་གཟིགས་སྐྱོང་སྲིད་ཇུས་ཁག་རྟོགས་ཐུབ་པ་མ་ཟད། ད་དུང་ཞིང་ནང་དང་། མང་ཚོགས་ཀྱི་ཁྱིམ་ཚང་། ཇ་ཁང་བཅས་སུ་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་མང་ཚོགས་ལ“སྣང་ཆེན་བཞི་དང་དགའ་ཞེན་བཞི”གོ་བདེ་རྟོགས་སླའི་ངང་སྒྲོག་འགྲེལ་བྱེད་ཀྱི་ཡོད་པས། གྲོང་ཚོའི་ནང་གི་ཕོ་མོ་རྒན་གཞོན་ཀུན་གྱིས་བག་གྲོས་སྒྲོག་འགྲེལ་བྱས་པ་མཐོང་ཚེ་འཕྲལ་མར་ཉན་པར་ཡོང་གི་ཡོད།

    གྲུབ་འབྲས་ཐོབ་པར་ཀྱག་ཀྱོག་གི་འཕྲང་ལམ་མང་པོ་བརྒྱུད་དགོས། སྒྲོག་འགྲེལ་བྱེད་རིང་བག་གྲོར་དཀའ་ངལ་མང་པོ་འཕྲད་མྱོང་ཡོད། ཁོང་གིས་གསར་འགོད་པར“འདི་ལོ་ཟླ་གཉིས་པའི་ཟླ་སྟོད་དུ་ང་ཚོའི་གྲོང་ཚོར་ཁོར་ཡུག་སྔོ་ལྗང་ཅན་གྱི་རྣམ་གྲངས་ཤིག་རག་ཡོད། དེ་ནི་བྱ་བ་བཟང་པོ་ཞིག་ཡིན་པས་ཡུལ་མི་ཕལ་ཆེ་བས་དེར་རྒྱབ་སྐྱོར་བྱས་ཀྱང་ལ་ལས་དེར་བསམ་འཆར་མི་འདྲ་བ་འདོན་སྐབས”། བག་གྲོས་མི་རེ་རེ་བཞིན་ལ་བསམ་བློའི་སློབ་གསོ་བཏང་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་རྩ་གནད་ནང་གི་འབྲེལ་ཡོད་ནང་དོན་ཁོང་ཚོར་བཤད་པ་དང་རང་ངོས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཟུང་འབྲེལ་བྱས་ཏེ། རྣམ་གྲངས་དེའི་དགེ་མཚན་འགྲེལ་བཤད་བརྒྱབ་ཅིང་། མཐར་ཉིན་བཅུ་གྲངས་རིང་གི་བག་གྲོའི་འབད་བརྩོན་འོག་མང་ཚོགས་ལ་ལའི་བསམ་འཆར་མི་འདྲ་བའི་གནད་དོན་དེ་ཐག་གཅོད་ཐུབ་པ་དང་འབྲེལ་ད་ཆ་ཡུལ་མི་ཚོས་རྣམ་གྲངས་དེ་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་ཅེས་བརྗོད་བྱུང་།

    དེ་ནི་བག་གྲོའི་སྒྲོག་འགྲེལ་བྱ་ཐབས་ཤིག་ཡིན་ཞིང་། ཁོང་གིས་ད་ཆ་གྲོང་ཚོའི་ལས་ཀ་ཐམས་ཅད“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་ཟུང་འབྲེལ་བྱས་ཏེ་ལས་འགན་ཞིག་སྒྲུབ་པ་དང་རྣམ་གྲངས་གཅིག་དོན་འཁྱོལ་བྱེད་སྐབས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལ་བརྟེན་ནས་བསྒྲུབས་ཀྱི་ཡོད་པ་མ་ཟད། དེ་ནི་གྲོང་ཚོའི་ལས་དོན་ཁག་ལ་སྐུལ་མ་གཏོང་བའི་ཕྱོགས་སྟོན་འཁོར་ལོ་ལྟ་བུར་གྱུར་པ་དང་། རྣམ་གྲངས་དང་ལས་འགན་སོགས་ལས་དོན་ཞིབ་ཕྲ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་ཕན་འབྲས་ལ་གཏིང་ཟབ་འགྱུར་བའི་འདེད་རོགས་འཕྲུལ་ཆས་ལྟ་བུར་གྱུར་ཡོད།

    སྒྲོག་འགྲེལ་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་ཆེད་བག་གྲོས་ད་དུང་མང་ཚོགས་ཀྱི་ཚོགས་འདུ་འཚོགས་པ་དང་རིག་རྩལ་འཁྲབ་སྟོན་གཉེར་བ་སོགས་བྱེད་སྒོ་ཆེ་གྲས་སྤེལ་བའི་གོ་སྐབས་དང་བསྟུན་ནས། རང་འགུལ་ངང་སྡིངས་ཆའི་ཐོག་བསྐྱོད་དེ་སྒྲོག་འགྲེལ་བྱེད་ཀྱི་ཡོད། ཁོང་གིས་སྲིད་ཇུས་དང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པ་ཕུད། ད་དུང་གྲོང་གསེབ་དར་རྒྱས་དང་། གོམས་སྲོལ་སྒྱུར་བ། ཁོར་ཡུག་སྲུང་སྐྱོང་སོགས་གཞི་རིམ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་འཆད་ཁྲིད་བྱས་པས། སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། དེ་བས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་གསར་པ་དང་། ཐབས་ཇུས་གསར་པ། གནས་ཚུལ་གསར་པ་བཅས་གཞི་རིམ་དུ་བརྒྱུད་བསྒྲགས་བྱས་པས་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད།

    གྲོང་མི་ཁག་གཅིག་ལས་ཀར་འགྲོ་དགོས་པར་བརྟེན་སློབ་སྦྱོང་བྱེད་པའི་དུས་ཚོད་མེད་པ་དེ་བག་གྲོའི་སེམས་ནད་ཅིག་ཏུ་གྱུར། བག་གྲོས་བསམ་བློ་མང་པོ་བཏང་བ་བརྒྱུད་མཐར་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རིང“མཚན་མོའི་སློབ་གྲྭ”འཛུགས་པའི་བྱ་ཐབས་གསར་པར་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་གཞོན་སྐྱེས་ཚོའི་སྣེ་ཁྲིད་དེ་མཚན་མོ་སློབ་སྦྱོང་བྱས་ནས་སྒྲོག་འགྲེལ་གྱི་ལམ་བུའི་ཐོག་མི་གཅིག་ཀྱང་མ་ལུས་པར་བྱེད་པའི་ཐབས་ཤེས་དེ་རྙེད།

    བག་གྲོས་རྒྱུ་རྐྱེན་གང་ལ་བརྟེན་ནས་ལོ་ནས་ལོ་བར་གྲོང་ཚོའི་ནང་བྱ་བ་དངོས་མང་པོ་རྒྱུན་མཐུད་ནས་སྒྲུབ་ཐུབ་པ་ཡིན་ནམ། ཁོང་གིས་ང་ཚོར་དེ་ནི་ཕུགས་འདུན་རེད་ཅེས་བརྗོད་བྱུང་། ལོ་བཅུའི་གོང་པད་ནག་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་རྗེས་སུ་ལུས་ཏེ་སྐབས་དེའི་མི་རེའི་ཆ་སྙོམས་ཡོང་འབབ་སྟག་རྩེ་ཆུས་ནང་ནས་རྗེས་སུ་ལུས་ཡོད། ལོ་བཅུ་ལྷག་ཙམ་རིང་གི་འབད་བརྩོན་བརྒྱུད་པད་ནག་གྲོང་ཚོ་ཕྱུག་པོ་ཆགས་རྒྱུའི་ཕུགས་འདུན་དེ་འགྲུབ་ཡོད། ད་ཆ་བག་གྲོས་ཤེས་བྱའི་གནས་ཚད་མཐོ་རུ་གཏོང་རྒྱུའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་ལྷོད་མེད་བྱས་ནས་གྲོང་ཚོའི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་བརྒྱབ་ཅིང་། པད་ནག་གྲོང་ཚོ་འདི་ཉིད་ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ལྡན་པའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་གྲོང་ཚོ་ཞིག་ཏུ་བསྐྲུན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།