[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཡངས་པའི་རྩྭ་ཐང་སྟེང་གི་འབྲོག་པའི་ཕྱུག་འགྱུར་ཐབས་ལམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-15

    བཅར་འདྲི་ཚོགས་ཆུང་དང་བཅས་པས་རླངས་འཁོར་ལ་བསྡད་དེ། ལྷ་རི་རྫོང་གི་ནུབ་བྱང་ཕྱོགས་སུ་གནས་པའི་གླིང་མཐིལ་ཤང་དུ་བསྐྱོད་སྐབས། སྦྲ་གུར་རེ་རེ་བཞིན་གླིང་མཐིལ་ཤང་གླིང་མཐིལ་གྲོང་ཚོའི་ཨར་ཡག་ཐང་རྩྭ་ཐང་དུ་ནག་རོག་གེར་ཕུབ་པ་མིག་ལམ་དུ་མངོན། གླིང་མཐིལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་བརྟན་རྡོ་རྗེས་སྦྲ་གུར་གྱི་ཕྱི་ནས་གསར་འགོད་པ་དང་བཅས་པར་སྦྲ་གུར་ནང་དུ་འབྲོག་པའི་འཚོ་བ་གསར་པ་ཉམས་ལེན་བྱེད་པར་ཡོང་རྒྱུའི་ལག་བརྡ་བྱས།

    ཚེ་བརྟན་རྡོ་རྗེས“སྨི་ངོས་གྲུ་200ཟིན་པའི་སྦྲ་གུར་འདི་གླིང་མཐིལ་མཉམ་ལས་ཁང་གིས་བཟོས་པ་ཞིག་རེད། ན་ནིང་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་ཐོག་གསེར་རྙེད་ཆུས་ཀྱི་སྦྲ་གུར་ལ་གྲོང་ཁྱེར་ཡོངས་ནས་ཡག་ཤོས་རེད་ཅེས་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་བས། ང་ཚོའི་མཉམ་ལས་ཁང་གིས་བཟོས་པའི་སྦྲ་གུར་གྱི་ཁྲོམ་རའི་མདུན་ལམ་ཡག་པོ་ཡོང་བ་ཡིད་ཆེས་ཡོད”ཅེས་དགོད་འཚེར་འཚེར་ངང་བརྗོད།

    མཉམ་ལས་ཁང་གིས་སྦྲ་གུར་བཟོ་བ་ཕུད། ད་དུང་ལམ་རྒྱུད་དུ་མར་དང་། ཞོ། འོ་མ། ཕྱུར་བ་སོགས་དཀར་ཆུའི་ཐོན་རྫས་བཙོངས་པས། 2018ལོར་ཁེ་བཟང་སྒོར་ཁྲི་27བྱུང་ཡོད། གྲོང་ཚོ་དེར་དུད་ཚང་68དང་མི་351ཡོད་ཅིང་། ཆ་སྙོམས་ལོ་མཇུག་ཏུ་དུད་ཚང་རེར་ཁེ་བཟང་སྒོར་3000བགོ་བཤའ་རག་གི་ཡོད་པའི་ཁྲོད། དུད་ཚང་དབུལ་པོ་37ལ་ཁེ་བཟང་ཐོལ་པ་སྒོར་300སྤྲོད་ཀྱི་ཡོད།

    གླིང་མཐིལ་ཤང་གི་ཤང་ཀྲང་ཀའོ་པོ་ཡིས། ཉེ་བའི་ལོ་ཤས་རིང་། གླིང་མཐིལ་ཤང་སྲིད་གཞུང་གིས“ཤང་རེ་ལ་མཉམ་ལས་ཁང་རེ”དང“གྲོང་ཚོ་རེ་ལ་མཉམ་ལས་ཁང་རེ”ཧུར་ཐག་བཏོད་དེ་ཤང་ཡོངས་ཀྱི་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་གང་མང་བཏོད་པ་དང་ཆབས་ཅིག་ངལ་རྩོལ་ནུས་ཤུགས་ལྷག་མའང་གཞན་སྒྱུར་བྱས་ཡོད།

    གླིང་མཐིལ་ཤང་ནི་ནག་ཆུ་རྫོང་དང་འབྲེལ་ཡོད་པར་ཆ་སྙོམས་ས་བབ་སྨི་4600ཟིན་པ་དང་། ཤང་སྲིད་གཞུང་གནས་ཡུལ་དེ་ནག་ཆུ་དང་ལྷ་རི་བར་གྱི་ལམ་རྒྱུད་དུ་ཆགས་ཡོད་པས། སྒོ་རྩིས་ཚོང་ཁང་དང་ཟ་ཁང་མང་པོ་ཡོད། ད་དུང་ཉེ་ཆར་སྒོ་ཕྱེ་བའི“ལྷ་གླིང་དྭངས་གཙང་གཟུགས་འཁྲུ་ཁང”ཞེས་པའི་སྒོ་བྱང་དེ་ཉིད་མངོན་གསལ་དོད་པོར་སྣང་།

    གཟུགས་འཁྲུ་ཁང་གསར་པ་ཞིག་སྒོ་ཕྱེ་བ་ཐོས་རྗེས་ཉེ་འཁོར་གྱི་འབྲོག་པ་དང་ཚོང་པ་རྣམས་ཡ་མཚན་ངང་ལྟ་བར་ཡོང་ཡོད་ལ། ཤང་གི་ལས་བྱེད་པ་དང་ལས་བཟོས་ཀྱང་རོགས་པ་བྱེད་པར་སླེབས་ཡོད།

    “དེ་ནི་གླིང་མཐིལ་ཤང་གི་གཟུགས་པོ་འཁྲུ་ཁང་དང་པོ་དེ་ཡིན་པ་དང་ང་ཚོའི་ཤང་གི་དུད་ཚང་དབུལ་པོ་ཞིག་གིས་བཙུགས་པ་རེད”ཅེས་ཀའོ་པོ་ཡིས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱེད་སྐབས་ངོ་གདོང་ལས་སྤོབས་སེམས་ཤིག་འཕྱུར་བཞིན་འདུག

    ཁོང་གིས“གཟུགས་པོ་འཁྲུ་ཁང་ཡོད་པས། ང་ཚོའི་ཤང་གི་ལས་བྱེད་པ་དང་ལས་བཟོ་དང་དེ་བཞིན་མང་ཚོགས་དང་། ཚོང་པ། ལས་མི་སོགས་ད་ནས་བཟུང་ནག་ཆུ་དང་ལྷ་རི་རྫོང་དུ་གཟུགས་པོ་འཁྲུ་བར་བསྐྱོད་དགོས་མེད”ཅེས་བརྗོད།

    གཟུགས་པོ་འཁྲུ་ཁང་གི་སྦྱིན་བདག་ལ་ཚེ་བརྟན་ཟེར་བ་དང་། གླིང་མཐིལ་ཤང་གི་གྲོང་མི་ཡིན་ཞིང་། འདི་ལོ་ལོ་29ལ་སླེབས་ཡོད། ཚེ་བརྟན་གྱི་ཨ་མ་ཨར་གཤིས་སྨིན་དྲུག་འདི་ལོ་ལོ་52ལ་སླེབས་པ་དང་ཆུང་དུས་སྟབས་མ་ལེགས་པར་མེ་དོང་ནང་ལྷུང་ནས་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་དབང་པོ་སྐྱོན་ཅན་དུ་གྱུར་བས། སྔར་ནས་ད་བར་ཁོང་ཚོའི་ཁྱིམ་ནི་གྲོང་ཚོ་དང་ཤང་དུ་སྐད་གྲགས་ཡོད་པའི་དུད་ཚང་དབུལ་པོ་ཞིག་རེད།

    འོན་ཀྱང་2017ལོར་ཁྱིམ་ཚང་དབུལ་པོ་དེར་གོ་སྐབས་བཟང་པོ་ཞིག་འཕྲད་ཅིང་། ལྷ་རི་རྫོང་དང་ཤང་རིམ་གཉིས་སྡེ་ཚན་གྱིས་དུད་ཚང་དབུལ་པོའི་མང་ཚོགས་སྒྲིག་འཛུགས་བྱས་ནས་ལྷ་སར་འབེབས་འཇུག་འཕྲུལ་འཁོར་དང་བརྐོ་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བ་སྦྱོང་བར་བཏང་བའི་ཁྲོད་དུ་ཚེ་བརྟན་ཡང་ཡོད།

    ཚེ་བརྟན་ཆུང་དུས་ནས་སྐྱོ་པོ་བྱས་ཏེ་ཡོང་ཡང་སྙིང་རུས་ཆེ་བའི་མི་ཞིག་རེད། ཁོང་གིས་ད་བར་ཕྱུག་པོར་བསྐྱོད་པའི་གོ་སྐབས་བཟང་པོ་ཞིག་གཏན་ནས་རག་མ་བྱུང་། ད་རེས་ཟ་སྡོད་དང་ལག་རྩལ་རིན་མེད་ངང་བསླབས་པས། ནང་མིའི་འཚོ་བར་འགྱུར་ལྡོག་གཏོང་བའི་རེ་བ་མཐོང་བྱུང་། ངས་སློབ་སྦྱོང་གི་གོ་སྐབས་དེར་དམ་འཛིན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བརྗོད། སློབ་གྲྭ་ཐོན་སྐབས་ཚེ་བརྟན་སློབ་མ་དེ་དག་ཁྲོད་ནས་རྩེ་གྲའི་གྲས་སུ་གྱུར་ཏེ་ཁ་ལོ་བའི་ལག་ཁྱེར་རག་པ་མ་ཟད། ད་དུང་ཕུལ་བྱུང་སློབ་མའི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད།

    གྲོང་ཚོར་ལོག་རྗེས་ལས་ལ་བརྩོན་པའི་ཚེ་བརྟན་གྱིས་ལས་ཡུལ་དུ་འབེབས་འཇུག་འཕྲུལ་འཁོར་དང་བརྐོ་འདྲུའི་འཕྲུལ་འཁོར་ཧུར་ཐག་བཏང་བས་ལོར་ཡོང་འབབ་སྒོར་ཁྲི་3.7ལྷག་ཙམ་བྱུང་ཡོད། ལག་རྩལ་ཡག་པའི་ཁར་མི་དྲང་པོ་དྲང་གཞག་ཅིག་ཡིན་པས། 2018ལོར་ཁོང་གི་ཡོང་འབབ་སླར་ཡང་ལྡབ་གཅིག་འཕར།

    ཚེ་བརྟན་གྱི་ཡོང་འབབ་མང་དུ་ཕྱིན་པ་དང་སྦྲགས་ཁྱིམ་གྱི་འཁོས་ཀའང་ཇེ་ལེགས་ཇེ་ཡག་ཏུ་སོང་ཡོད། དེའི་ཁྲོད་ནས་ཁོང་གིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ན་གཞི་ནས་བསམ་པ་བཞིན་གྱི་འཚོ་བ་ཞིག་སྐྱེལ་ཐུབ་རྒྱུ་ཡོང་བ་རྟོགས། དུས་མཚམས་ཤིག་རྟོག་ཞིབ་བྱས་པ་བརྒྱུད་ཁོང་གིས་གཟུགས་པོ་འཁྲུ་ཁང་དེ་བཙུགས།

    ཚོང་ལ་མཁས་པའི་ཚེ་བརྟན་གྱིས་ད་ཆ་ཉེ་འཁོར་འབྲོག་པ་རྣམས་ལ་དངུལ་ཡོད་པ་དང་། གླིང་མཐིལ་ཤང་ཡང་སྔོན་མ་ལྟར་གྱི་ཤིན་ཏུ་དབུལ་བའི་ཤང་དེ་མིན་པས། ཤང་དུ་ལས་དོན་སྒྲུབ་སྐབས་སམ་ཡང་ན་ནག་ཆུ་དང་ལྷ་རི་སོགས་སུ་བསྐྱོད་སྐབས་གླིང་མཐིལ་གྱི་འབྲོག་པ་ཚོས་མཚམས་རེ་ཉིན་ཤས་དེ་གར་སྡོད་པ་དང་། ཁ་ཤས་ལས་ཡུལ་དུ་ལས་ཀ་བྱེད་པར་འགྲོ་ཡི་ཡོད་ལ། ཡང་ལ་ལ་ཤང་དུའང་སྡོད་ཀྱི་ཡོད་པ་ཤེས། ཚེ་བརྟན་གྱིས་ཚོང་གི་གོ་སྐབས་དེ་ཤེས་མ་ཐག་གཟུགས་པོ་འཁྲུ་ཁང་གི་ཐོག་སོ་གཉིས་པར་ཉལ་ཁང་རྒྱག་རྒྱུའི་བསམ་བློ་འཁོར། “ཉལ་ཁྲི་གཅིག་ལ་ཞག་རེར་སྒོར་50ཡིན། ཉིན་ཤས་སོང་རྗེས་གཟུགས་པོ་འཁྲུ་ཁང་དང་ཉལ་ཁང་གཉིས་ཀའི་ཚོང་ཡག་པོ་བྱུང”ཞེས་ཚེ་བརྟན་གྱི་ངོ་གདོང་ལས་སྔར་བཞིན་ཁེངས་སྐྱུང་གི་རྣམ་འགྱུར་ཞིག་མངོན་ཡོང་བ་དང་མིག་ཟུང་ལས་འཚོ་བ་གསར་པར་འཆང་བའི་རེ་སྨོན་བཟང་པོ་ཞིག་ཚོར་བཞིན་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།