[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • བོད་བྱ་གསོ་སྤེལ་བྱེད། ཕྱུག་འགྱུར་ལམ་བུ་ཡངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-23

    670462_yis_1571203898250.jpg

    འདི་ནི་སྐལ་ཕུན(གཡོན་གྱི་དང་པོ)དང་ཆ་སྒྲིག་རོགས་སྐྱོར་དུད་ཚང་དབུལ་པོའི་སྤེན་པས་གསོ་སྤེལ་ར་བར་བྱ་དེའི་གཟན་ཆག་ལ་ཞིབ་བཤེར་བྱེད་བཞིན་པ།

    ལྷ་རྩེ་རྫོང་ནི་བོད་བྱ་གསོ་སྤེལ་ཁུལ་དང་ལྟེ་བའི་ཁུལ་གྱི་གྲས་ཤིག་ཡིན་པའི་ངོས་ནས། 2017ལོ་ནས་བཟུང་ལྷ་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་1530དང་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་800བརྩོན་ལེན་བྱས་ཏེ་བོད་བྱ་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཐད་སྤྱད་ཡོད། ཀུང་སི་དེས་དེ་གོང་པེ་ཅིང་དང་ཧྲང་ཧའེ་རུ་ཚོད་ལྟའི་ཕྱིར་འཚོང་བྱས་པས་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད།

    “ས་གནས་དེ་གའི་མང་ཚོགས་ལ་བོད་བྱ་གསོ་སྤེལ་ལ་བརྟེན་ནས་དངོས་ཕན་ཐོབ་མཁན་ཡོད་དམ”ཞེས་གསར་འགོད་པས་དྲིས་པ་ཡིན།

    “དངོས་ཕན་ཐོབ་མཁན་ཡོད། དཔེར་ན་སྐལ་ཕུན་ལྟར་རེད། མགྱོགས་པོ་སྐལ་ཕུན་འབོད་ཤོག”ཅེས་པའི་སྐད་ཆ་ཤོད་རིང་དུ་སྐལ་ཕུན་ཡང་དེ་གར་སླེབས།

    ཁོང་ནི་ལྷ་རྩེ་རྫོང་གཞིས་ཆེན་ཤང་བོད་བྱ་གསོ་སྤེལ་ཡན་ལག་ཁང་གི་འགན་འཁུར་བ་ཡིན་ལ། ལྷ་རྩེ་རྫོང་བོད་བྱ་གསོ་སྤེལ་རྟེན་གཞི་ལས་ཕྱུག་པོར་གྱུར་བའི་ཁག་དང་པོའི་གསོ་སྤེལ་དུད་ཚང་དང་ཕྱུག་འགྱུར་སྣེ་ཁྲིད་པའང་རེད།

    ཕྱུག་འགྱུར་སྐོར་ཅུང་ཙམ་གླེང་རྗེས་སྐལ་ཕུན་གྱིས་ཁོང་གི་བྱེས་བགྲོད་རླངས་འཁོར་བཏང་ནས་ང་ཚོ་བོད་བྱ་གསོ་སྤེལ་ཡན་ལག་ཁང་དུ་ཁྲིད་བྱུང་། སྐལ་ཕུན་གྱི་གསོ་སྤེལ་ར་བ་ཡར་ཀླུང་གཙང་པོ་དང་བར་ཐག་སྤྱི་ལེ་ཁ་ཤས་ལས་མེད་པའི་རྒྱལ་ལམ་318འགྲམ་དུ་ཡོད་པ་དང་། དེ་གར་སེར་མདོག་ཅན་གྱི་པད་ཁའི་མེ་ཏོག་རབ་ཏུ་བཞད་འདུག པད་ཞིང་འགྲམ་དུ་བོད་བྱ་ཁ་ཤས་ཅི་དགར་རོལ་བ་དང་གསོ་སྤེལ་ཁང་གི་རྒྱབ་མདུན་དུ་བོད་བྱ་མང་པོ་གསོས་ཡོད།

    ན་ནིང་སྐལ་ཕུན་གྱིས་ལྷ་རྩེ་རྫོང་བོད་བྱ་གསོ་སྤེལ་རྟེན་གཞི་ནས་དངུལ་སྤྲོད་མི་དགོས་པར་སྒོང་བྱ་1100ལྷག་ཙམ་བླངས། སྐལ་ཕུན་སོགས་བོད་བྱ་གསོ་སྤེལ་ཡན་ལག་ཁང་གི་འགན་འཁུར་བ་32ཀྱི་ངོས་ནས་བརྗོད་ན། བྱ་དེའི་གཟན་ཆག་འགན་ལེན་དང་བྱ་ཚང་བདག་སྐྱོང་ལས་བྱེད་དགོས་མེད། བྱ་མོས་བཏང་པའི་སྒོ་ང་དག་གཟའ་འཁོར་རེར་ཆེད་བསྐོས་མི་སྣ་ཡོང་ནས་སྒོ་ང་རེར་སྒོར་3གྱི་རིན་གོང་གཞིར་བཟུང་ཉོ་སྒྲུབ་བྱེད་ཀྱི་ཡོད། དེར་བརྟེན་གསོ་སྤེལ་དུད་ཚང་གིས་སྒོ་ང་ཕྱིར་འཚོང་གི་གནད་དོན་ལ་སེམས་ཁྲལ་བྱེད་མི་དགོས་པར་བློ་གཅིག་སེམས་གཅིག་ངང་བྱ་དེ་གསོས་ན་ཆོག་གི་ཡོད།

    “ད་ཆ་གསོ་སྤེལ་ར་བར་བོད་བྱ་1500ལྷག་ཙམ་ཡོད། འདི་ལོའི་ལོ་སྟོད་དུ་ང་ཚོས་སྒོ་ང་ཉོ་སྒྲུབ་བྱས་ཏེ་བོད་བྱ་གསོ་སྤེལ་རྟེན་གཞིར་བཙོངས་པར་ཡོང་འབབ་སྒོར་ཁྲི་13ལྷག་ཙམ་བྱུང”ཞེས་སྐལ་ཕུན་གྱིས་བཤད། ན་ནིང་སྐལ་ཕུན་གྱིས་བོད་བྱ་གསོ་སྤེལ་རྟེན་གཞིར་སྒོ་ང་བཙོངས་པར་ཡོང་འབབ་སྒོར་ཁྲི་16ལྷག་ཙམ་བྱུང་བ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། བོད་བྱ་གསོ་སྤེལ་རྟེན་གཞིས་རིམ་རྩིས་བྱས་ན་མཉམ་ལས་ཁང་ཁག་ནས་བོད་བྱའི་སྒོ་ང་ཁྲི་50ལྷག་ཉོ་སྒྲུབ་བྱས་པས་གསོ་སྤེལ་དུད་ཚང་ལ་ཁེ་བཟང་སྒོར་ཁྲི་150ལྷག་ཙམ་བྱུང་ཡོད། མིག་སྔའི་བར་རྫོང་དང་ཤང་གྲོང་རྡལ་ཡོངས་ཀྱི་གསོ་སྤེལ་ཡན་ལག་ཁང་གི་གྲངས་འབོར་ཐོག་མའི་11ནས་ད་ལྟའི་32བར་འཕེལ་རྒྱས་ཕྱིན་པ་དང་གསོ་སྤེལ་གཞི་ཁྱོན་བྱ་དེ་ཁྲི་6ཡན་ཟིན་ཁར་དུད་ཚང་དབུལ་པོ་358ཀྱི་མི་གྲངས་1615བོད་བྱ་གསོ་སྤེལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པས། བོད་བྱ་གསོ་སྤེལ་ཐོན་ལས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་གཞག་ལ་སྐུལ་འདེད་དངོས་འབྲེལ་བཏང་ཡོད།

    ལྷ་རྩེ་རྫོང་གིས་བོད་བྱ་གསོ་སྤེལ་གྱི་ཐོན་ལས་ལ་སྐུལ་འདེད་གཏོང་བར་ཞིང་དུད་ཀྱིས་འཁུར་བའི་ཁྲོམ་རའི་ཉེན་ཁ་དམའ་ཤོས་སུ་བཏང་ནས། དུད་ཚང་དབུལ་པོའི་ཁེ་ཕན་འགན་ལེན་ནུས་ལྡན་བྱས་ཏེ་བོད་བྱ་གསོ་སྤེལ་གྱི་་གཞི་ཁྱོན་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱས་པ་དང་ཆབས་ཅིག བོད་བྱའི་ཟུར་བསྣོན་རིན་ཐང་མཐོ་བར་བརྟེན་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་དང་རོགས་རམ་བྱས་ཡོད།

    ཕྱུག་འགྱུར་སྣེ་ཁྲིད་པ་ཡིན་པའི་སྐལ་ཕུན་དང་བོད་བྱ་གསོ་སྤེལ་རྟེན་གཞིའི་དབར་དུད་ཚང་དབུལ་པོའི་དབུལ་སྒྲོལ་ལ་སྣེ་ཁྲིད་བྱེད་པའི་གྲོས་མཐུན་བཞག་པ་དང་། ད་ཆ་སྐལ་ཕུན་གྱི་བོད་བྱ་གསོ་སྤེལ་ཡན་ལག་ཁང་དུ་ལས་ཀ་བྱེད་མཁན་སྤེན་པ་ནི་སྐལ་ཕུན་གྱིས་སྐུལ་ཁྲིད་བྱེད་དགོས་པའི་ཆ་སྒྲིག་རོགས་སྐྱོར་དུད་ཚང་དབུལ་པོ་24ཡི་གྲས་ཤིག་རེད།

    “ན་ནིང་གོང་། ང་རང་མངའ་རིས་དང་ནག་ཆུ་གྲོང་ཁྱེར་དུ་གླ་པར་འགྲོ་ཡི་ཡོད། ལོ་ལྟར་ཡོང་འབབ་སྒོར་ཁྲི་2ནས་3བར་འདུག ད་ཆ་ལོ་ན་རྒས་པར་བརྟེན་ཕྱིར་གླ་པར་འགྲོ་ཐུབ་ཀྱི་མི་འདུག འོན་ཀྱང་བྱ་དེར་ལྟོ་སྟེར་བའི་ལས་ཀ་དེ་འདྲ་སྣང་དག་མི་འདུག ཉིན་ལྟར་སྒོར་100ཡི་གླ་ཆ་ཡོད་པས་ཕྱིར་གླ་པར་ཕྱིན་པ་ལས་ཡག་པ་འདུག ལོ་ལྟར་སྐལ་ཕུན་ལགས་ཀྱིས་ང་ཚོ་ཆ་སྒྲིག་རོགས་སྐྱོར་གྱི་དུད་ཚང་དབུལ་པོ་24ལ་ཁེ་བཟང་སྒོར་2000རེ་བགོ་ཡི་ཡོད་པས་དངོས་ནས་ཡག་པོ་འདུག”ཅེས་སྤེན་པས་དགའ་ཚོར་ཆེན་པོས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།