[ English ] [ 中文 ]
0891-6325020
དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཁྱིམ་ཚང་མགྲོན་ཁང་སྐྱིད་ལྷང་ལྷང་། ཕྱུག་འགྱུར་ལམ་བཟང་བདེ་སང་སང་།

    —— བོད་ལྗོངས་སྣང་རྫོང་གི་འཁྲུངས་ཁང་གྲོང་ཚོའི་མཐོང་ཐོས་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-28

    ▶ 2016ལོའི་ཟླ་7པར་སྐྱིད་ལུས་ཀྱིས་གོ་སྐབས་ལ་གཅེས་སྤྲས་བྱས་ནས་འཁྲུངས་ཁང་གྲོང་ཚོར“ཞིང་ཁྱིམ་སྤྲོ་སྐྱིད་ཁང”དང་པོ་སྟེ། འཁྲུངས་ཁང་རྣམ་གྲོལ་ཁྱིམ་ཚང་མགྲོན་ཁང་གཉེར་བ།

    ▶ སྐྱིད་ལུས་ཀྱིས་ཁྱིམ་ཚང་མགྲོན་ཁང་བཙུགས་ཚུན། ལོ་ལྟར་ཡོང་འབབ་སྒོར་ཁྲི་3ཙམ་དང་། སྟར་ཀ་དང་དབྱར་རྩྭ་དགུན་འབུ་བཙོངས་པར་ལོ་ལྟར་སྒོར་ཁྲི་2ལྷག་ཡོད་ཁར། ཁོང་གིས་མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པ་བྱས་པའི་ཡོང་འབབ་སོགས་ཁྱོན་ལོ་གཅིག་ལ་ཉུང་མཐར་ཡང་ཡོང་འབབ་སྒོར་ཁྲི་བདུན་བརྒྱད་ཡོད་པ།

    ▶ 2019ལོའི་ཟླ་3པ་ནས་6པའི་བར། འཁྲུངས་ཁང་མཛེས་ལྗོངས་ཁུལ་བསྐྲུན་ནས་འཁྲུངས་ཁང་གྲོང་ཚོའི་མི་14སྐབས་འཕྲལ་ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་ཁྲི་19ལྷག་ཙམ་བཏོད་ཡོད།

    འཁྲུངས་ཁང་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་གཙང་འགྲམ་དུ་གནས་པའི་གྲོང་སྡེ་ཆུང་ཆུང་ཞིག་རེད། རྒྱབ་ངོས་རི་ལ་བརྟེན་པ་དང་མདུན་དུ་ཆུ་བོ་རྒྱུགས་ནས་ཉམས་དགའ་བ་ཞིག་ཡོད། སྙན་གྲགས་རྒྱས་པའི་ལོ་ངོ་སྟོང་ཕྲག་ལོན་པའི་སྟར་སྡོང་ཚལ་ནི་གྲོང་ཚོའི་མིང་བྱང་མཛེས་ཤོས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ལུང་པ་འདི་ཡང་ཡུལ་སྐོར་བས་ཞག་སྡོད་ལྟ་སྐོར་དང་དམངས་སྲོལ་མྱོང་རོལ་བྱ་ཡུལ་ཡག་པོར་གྱུར་ཡོད།

    སྔོ་ལྗང་ལྗོན་པའི་ཚལ་གྱི་གྲོང་ཚོ་ནས་ཆུ་ཡུར་བརྒྱུད་ནུབ་ཕྱོགས་ལ་སྨི་200ཙམ་བསྐྱོད་རྗེས་གསར་འགོད་པ་སྐྱིད་ལུས་ཀྱི་ནང་ལ་སླེབས། བོད་ལུགས་ཁང་པ་ཉིས་ཐོག་གི་གང་སར་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་བ་དང་། སྐྱིད་ལུས་ཀྱིས་གུང་ཟས་གྲ་སྒྲིག་བྱེད་བཞིན་མཆིས།

    “དེ་རིང་ཡུལ་སྐོར་ཚོགས་པ་ཞིག་གིས་ངའི་ཁྱིམ་དུ་ཁ་ལག་ཟ་གི་ཡིན་ཟེར་བས། ཞོགས་པ་སྔ་པོ་ནས་ལས་ཀ་བྱས་པ་ཡིན”ཞེས་སྐྱིད་ལུས་ཀྱིས་གདོང་གི་རྔུལ་ཆུ་འབྱིད་བཞིན་བཤད་བྱུང་།

    ལོ་25ལ་ལོན་པའི་སྐྱིད་ལུས་ཀྱིས་2016ལོའི་སྔོན་དུ་ལྡེབས་རིས་འབྲི་མྱོང་། “སྔོན་དུས་ངས་ཉིང་ཁྲི་དང་སྨན་གླིང་ཉེ་འཁོར་གྱི་ས་ཆ་ཁ་ཤས་སུ་ལྡེབས་རིས་བྲིས་པ་དང་ཉིན་རེར་ཡོང་འབབ་སྒོར་200རག་ཐུབ། མཚམས་རེ་ལང་ཐེངས་རེར་ཆུ་ཚོད་བདུན་བརྒྱད་ཙམ་རེད”ཅེས་ཁོང་གིས་བཤད།

    ཉེ་བའི་ལོ་ཤས་རིང་། འཁྲུངས་ཁང་གྲོང་ཚོས་ཡུལ་ལྗོངས་ཡག་པོ་དང“ལོ་ངོ་སྟོང་གི་སྟར་སྡོང་ཚལ”ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་གོང་འཕེལ་གྱི་འགྲོ་ལམ་དུ་བསྐྱོད་ནས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་སོགས་ཕྱོགས་གང་ཅིའི་ཐད་སྐྲུན་འགོ་ཚུགས། 2016ལོའི་ཟླ་7པར་སྐྱིད་ལུས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་འཁྲུངས་ཁང་གྲོང་ཚོར“ཞིང་ཁྱིམ་སྤྲོ་སྐྱིད་ཁང”དང་པོ་སྟེ་འཁྲུངས་ཁང་རྣམ་གྲོལ་ཁྱིམ་ཚང་མགྲོན་ཁང་གཉེར་བ་རེད།

    སྐྱིད་ལུས་ཀྱིས་ཁང་པར་མཛེས་བཟོ་བྱས་ནས་ཐོག་སོ་གཉིས་པ་མགྲོན་ཁང་བྱས་ཏེ་མི་གཅིག་སྡོད་སའི་ཁང་པ་3་དང་། མི་གཉིས་སྡོད་སའི་ཁང་པ་3 མི་གསུམ་སྡོད་སའི་ཁང་པ་2བཅས་ཁྱོན་ཉལ་ཁྲི་15ཡོད་ཅིང་། ཉལ་ཁྲི་རེར་ཞག་མ་རེར་སྒོར་50རེད།

    ཁོང་གིས“ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ང་ཚོའི་ཁང་པ་ཡོངས་ལ་ཁེངས་པ་དང་། སྐབས་རེར་ང་དང་པ་ཕ་གཉིས་ལས་བྲེལ་ཤིན་ཏུ་ཆེ། འགྲུལ་པ་སོ་སོས་ཁ་ལག་བཟོ་ཡི་ཡོད་ལ་དེ་ལྟར་བྱས་ན་ཁོ་ཚོར་སྐྱིད་སྣང་ཆེན་པོ་ཡོང་གི་འདུག”ཅེས་བཤད།

    སྐྱིད་ལུས་ཀྱིས་གསར་འགོད་པར་རྩིས་ཅིག་བརྒྱབ་ནས། ཁྱིམ་ཚང་མགྲོན་ཁང་བཙུགས་ཚུན། ལོ་ལྟར་ཡོང་འབབ་སྒོར་ཁྲི་3ཙམ་དང་། སྟར་ཀ་དང་དབྱར་རྩྭ་དགུན་འབུ་བཙོངས་པར་ལོ་ལྟར་སྒོར་ཁྲི་2ལྷག་ཡོད་ཁར། ཁོང་གིས་མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པ་བྱས་པའི་ཡོང་འབབ་སོགས་ཁྱོན་ལོ་གཅིག་ལ་ཉུང་མཐར་ཡང་ཡོང་འབབ་སྒོར་ཁྲི་བདུན་བརྒྱད་ཡོད་ཅེས་བརྗོད།

    “སྔོན་ཆད་ངས་ཕྱི་རུ་ལྡེབས་རིས་བྲིས་ན་ལོ་གཅིག་ལ་མང་ཤོས་སུའང་སྒོར་ཁྲི་4ཙམ་ལས་རག་གི་མི་ཐུབ། ད་ཆར་ཐག་རིང་དུ་མ་སོང་ཡང་ཡོང་འབབ་སྔོན་མ་ལས་མང་བ་གསོག་ཐུབ་ཅིང་། པ་ཕ་ལའང་ལྟ་སྐྱོང་བྱེད་ཐུབ་པས་གཅིག་གོ་ཉིས་ཆོད་རེད་འདུག”ཅེས་སྐྱིད་ལུས་ཀྱིས་བརྗོད།

    སྐྱིད་ལུས་ཀྱི་ཁྱིམ་ཚང་མགྲོན་ཁང་གི་ཚོང་ཧ་ཅང་ཡག་པོ་ཡོད་པ་མཐོང་སྐབས། གྲོང་མི་ཚོས་ཀྱང་དཔེ་བལྟས་ནས་མགྲོན་ཁང་གཉེར་འགོ་ཚུགས། 

    “གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་4ཡོད། མཛེས་ལྗོངས་ཁུལ་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་སྦྲགས་ད་དུང་ཁྱིམ་ཚང་མི་ཉུང་བ་ཞིག་གིས་འགྲུལ་ཁང་གཉེར་རྩིས་འདུག”ཅེས་གྲོང་སྡོད་ལས་བྱེད་པ་ཁྲེན་ཧྲུན་ཀྲི་ཡིས་བཤད།

    སྲིད་གཞུང་གིས་མ་དངུལ་ཟམ་མི་ཆད་པར་བཏང་བ་ལས། དེ་སྔའི་ཆ་རྐྱེན་སྐྱོ་བའི་འཁྲུངས་ཁང་གྲོང་ཚོར་སྐྱེ་སྟོབས་ཀྱི་དཔལ་འབར་ནས་རླངས་འཁོར་འཇོག་ས་དང་། ཡུལ་སྐོར་ཞབས་ཞུའི་ལྟེ་གནས། ལམ་སྒྲོན་སོགས་སྒྲིག་ཆས་གང་དགོས་ཅི་འཛོམས་ཡོད། འཁྲུངས་ཁང་མཛེས་ལྗོངས་ཁུལ་དུ་ད་ཆ་དངོས་གཞིའི་ལས་མི་5དང་སྐབས་འཕྲལ་ལས་མི་3ཡོད། 2019ལོའི་ཟླ་3པ་ནས་6པའི་བར། འཁྲུངས་ཁང་མཛེས་ལྗོངས་ཁུལ་བསྐྲུན་ནས་འཁྲུངས་ཁང་གྲོང་ཚོའི་མི་14སྐབས་འཕྲལ་ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་ཁྲི་19ལྷག་ཙམ་བཏོད་ཡོད་པ་རེད།

    2018ལོའི་ཟླ་12པར། འཁྲུངས་ཁང་གྲོང་ཚོའི་དབུལ་པོར་འགྱུར་ཚད་0.39%བར་ཆག་པ་དང་། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14354ཟིན་པ་དང་དངུལ་སྨར་ཡོང་འབབ་སྒོར་9760.7ཟིན་གྱི་ཡོད།

    “སླད་ཕྱིན། གྲོང་ཚོས་ད་དུང་སྒོ་རྩིས་ཚོང་ཁང་འཛུགས་སྲིད་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡང་ཟམ་མི་ཆད་པར་ལེགས་སུ་གཏོང་སྲིད། ང་ཚོས་འབྱུང་འགྱུར་ལ་ཡིད་ཆེས་དེ་བས་ཆེན་པོ་བྱེད་བཞིན་ཡོད”ཅེས་སྐྱིད་ལུས་ཀྱིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།