[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • རྒྱལ་ཁབ་སྤྱི་གླིང་ནང་གི་བོད་རིགས་གྲོང་མིའི“སྣོད་བཅུད་སྲུང་སྐྱོང་བྱེད་སྟངས་ཀྱི་འགྱུར་ལྡོག”

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-14

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གངས་ལྗོངས་ས་མཐོའི་བོད་རིགས་མང་ཚོགས་གཞན་དང་འདྲ་བར་ལོ་56ལ་སླེབས་པའི་རྡོ་རྗེའི་ཁྱིམ་གྱིས་ཕྱུགས་རིགས་འཚོ་བ་དང་ཞིང་ལས་བྱེད་ཀྱི་ཡོད། གཞན་དང་མི་འདྲ་བ་ནི་རྡོ་རྗེའི་ཁྱིམ་གྱི་བོད་བཟོའི་ཁང་པ་དང་། ནགས་རི་དང་རྩྭ་ཐང་། རྟ་དང་ནོར། ཐ་ན་ཕྱུགས་འཚོ་བ་དང་འདེབས་འཛུགས་བྱེད་པ་སོགས་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཚང་མ་ནི་ཡུལ་སྐོར་བ་ཚོས་ཉམས་སུ་མྱོང་བའི“མཛེས་ལྗོངས་ས་ཚིགས”ཤིག་རེད།

    “རི་ཀླུང་ལ་སྲུང་སྐྱོང་བྱས་ཚེ་ཡག་པོ་ཅི་འདྲ་འདུག་གམ”

    རྡོ་རྗེའི་ཁྱིམ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཕུ་འདམ་མཚོ་རྒྱལ་ཁབ་སྤྱི་གླིང་ནང་ཡོད་པ་དང་། རྒྱལ་ཁབ་སྤྱི་གླིང་དེས་རྡོ་རྗེ་དང་གྲོང་མི་ཚོར“སྣོད་བཅུད་སྲུང་སྐྱོང་བྱེད་སྟངས་ཀྱི་འགྱུར་ལྡོག”བསུས་པ་སྟེ། ཤིང་མི་གཅོད་པ་དང་རྔོན་མི་རྒྱག་པར་ཁོང་ཚོ་ནི་མཛེས་ལྗོངས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་པ་དང་ཕན་པ་ཐོབ་མཁན་ལ་གྱུར་ཡོད་པ་རེད།

    ཕུ་འདམ་མཚོ་རྒྱལ་ཁབ་སྤྱི་གླིང་ལ་ཆ་སྙོམས་ས་བབ་སྨི་3500ཙམ་ཡོད་པ་དང་། དེར་མཚེའུ་དང་འདམ་ར་དང་། ནགས་ཚལ་དང་སྤང་ལྗོངས། ལུང་གཞུང་དང་ཕུ་ཆུ། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་སོགས་ཡོད་པས། གདོད་མའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་ཐུབ་ཡོད་པ་རེད།

    ཡུལ་ཞིང་གྲོང་མི་ཚོགས་ཆུང་ནི་བོད་རིགས་གྲོང་སྡེ་ཞིག་ཡིན་པ་དང་། རྡོ་རྗེ་སོགས་གྲོང་མི་ཚོས་མི་རབས་ནས་མི་རབས་བར་ཞིང་ལས་བྱེད་པ་དང་ཕྱུགས་འཚོ་བའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་ཀྱི་ཡོད། རི་མོ་བྲིས་པ་ལྟར་གྱི་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་འདྲིས་ཟབ་མོ་དེས་ཐོག་མར་གྲོང་མི་ཚོར་སྐྱིད་སྣང་དོད་པའི་འཚོ་བ་ཞིག་སྦྱིན་ཐུབ་མེད།

    2006ལོར“སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྔོན་ལ་སྲུང་སྐྱོང་བྱེད་པ། དམིགས་བསལ་དབང་ཆ་སྤྲད་དེ་གཉེར་སྐྱོང་བྱེད་པ། སྡེ་ཁུལ་མཉམ་དུ་དར་རྒྱས་གཏོང་བ། སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། ས་གནས་དེ་གས་རྒྱལ་ཁབ་ཀྱི་སྤྱི་གླིང་རྣམ་པའི་ཚོད་ལྟ་བྱེད་འགོ་ཚུགས་ཏེ། ཧྲུའུ་ཏུའུ་མཚེའུ་དང་བས་མཐའ་མཚོ་སོགས་ཀྱི་ས་ཁོངས་སྲུང་སྐྱོང་ནན་ཤོས་ཁུལ་དང་། སྣོད་བཅུད་གསོ་སྐྱོང་ཁུལ། རོལ་རྩེད་དང་ངལ་གསོ་རྒྱག་ཁུལ། སྲོལ་རྒྱུན་བེད་སྤྱོད་ཁུལ་བཅས་ལ་ཕྱེ་ཡོད་པ་རེད།

    སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་141ཙམ་ནས་ད་ཆའི་སྤྱི་ལེ་ངོས་གྲུ་602ཙམ་བར་ཆེ་རུ་བཏང་བ་དང་། “སྤྱི་གླིང་དེའི་རྒྱ་ཁྱོན་གྱི་4.58%གསར་སྤེལ་བེད་སྤྱོད་བྱས་ནས་95.42%ཡི་ས་ཁོངས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད”ཅེས་ཕུ་འདམ་མཚོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐང་ཧྭ་ཡིས་བཤད་པ་དང་། ཁོང་གིས་ནུས་པའི་ཡན་ལག་ཁུལ་ཁ་གསལ་བཟོས་པས་ཁྱབ་ཁོངས་དེ་བས་ཆེ་བའི་སྲོག་ཆགས་དང་རྩི་ཤིང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ཅེས་བཤད།

    ཁེ་ཕན་མཉམ་སྤྱོད་ཀྱི་ལམ་སྲོལ་བཟོས་པ།

    མིག་སྔར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་9ཚོད་ལྟ་བྱེད་བཞིན་ཡོད་པ་རེད།

    རིགས་གཅིག་མཁས་ཅན་གྱིས་རྒྱལ་ཁབ་སྤྱི་གླིང་ནི་ཡུལ་སྐོར་བ་ཁོ་ནར་ཡུལ་སྐོར་དང་སྤྲོ་གསེང་བྱ་རྒྱུར་མཁོ་འདོན་བྱས་པའི་སྤྱིར་བཏང་གི་དོན་སྙིང་ལྡན་པའི“སྤྱི་གླིང”ཞིག་མིན་ལ། ཡུལ་སྐོར་བར་བེད་སྤྱོད་བྱ་རྒྱུར་གསར་སྤེལ་བྱས་པའི“མཛེས་ལྗོངས་ཁུལ”ཞིག་ཀྱང་མིན་པར། དེ་ནི་རྒྱལ་ཁབ་ཀྱིས་དབྱེ་འབྱེད་གཏན་འབེབས་དང་དོ་དམ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན། དེའི་དམིགས་ཡུལ་ནི་མཚོན་བྱེད་རང་བཞིན་གྱི་རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོང་བྱེད་པ་དང་། ཚན་ཞིབ་དང་། སློབ་གསོ། རོལ་རྩེད་དང་ངལ་གསོ། སྡེ་ཁུལ་འཕེལ་རྒྱས་སོགས་ཀྱི་ནུས་པ་ཀུན་འཛོམས་བྱ་རྒྱུ་དེ་ཡིན་པ་དང་། དེ་ནི་ཐོན་ཁུངས་ལ་སྲུང་སྐྱོང་ནུས་ལྡན་དང་བེད་སྤྱོད་ལུགས་མཐུན་བྱེད་པའི་དམིགས་བཀར་ས་ཁོངས་ཤིག་ཡིན་ཞེས་བཤད།

    སྤང་ལ་རྟས་རྡོག་བརྫིས་མི་ཐེབས་པ་དང་། ནགས་ཚལ་སྲུང་སྐྱོང་ཐུབ་པ། གྲོང་མིས་མཛེས་ལྗོངས་ནང་མེ་གཏོང་བ་དང་། ཚོང་ཟོག་སྟོན་པ། རྟ་བཞོན་པ་སོགས་ཀྱི་གཉེར་སྐྱོང་བྱེད་སྒོ་མི་གཉེར་བའི་ཆེད་དུ་སྤྱི་གླིང་གིས་གྲོང་མི་ཚོར“ཁ་གསབ”སྤྲད་ཡོད་པ་རེད།

    སྤྱི་གླིང་དང་འབྲེལ་བ་ཡོད་པའི་ཤང་དང་གྲོང་རྡལ་2ཀྱི་དུད་ཚང་785ཡི་གྲོང་མི་ཚོར་ཕན་པ་ཐོབ་ཅིང་། ཁ་ཆད་གཞིར་བཟུང་། སྤྱི་གླིང་སྡེ་ཁུལ་གྱི་ཁེ་ཕན་ཁ་གསབ་གན་རྒྱ་ལོ་5རེར་གཏན་འཁེལ་ཐེངས་རེ་བྱས་པ་དང་། རེས་སྐོར་དང་པོར་ལོ་ལྟར་སྐྱོང་ལན་འཇལ་བའི་དངུལ་སྒོར་ཁྲི་1000ཙམ་ཟིན་པ་དང་། ད་ཆ་ལོ་ལྟར་སྐྱོང་ལན་འཇལ་བའི་དངུལ་སྒོར་ཁྲི་2000ཙམ་ཟིན་ཡོད། སྐྱོང་ལན་འཇལ་བའི་དངུལ་ཕུད་བདེ་ཆེན་ཀྲོའུ་ཡུལ་སྐོར་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི་ཕུ་འདམ་མཚོ་ཡུལ་སྐོར་ལས་རིགས་ཡན་ལག་ཀུང་སིས་སྤྱི་གླིང་ནང་གི་གྲོང་མི་སྔོན་ལ་གདན་ཞུ་བྱས་པ་མ་ཟད། འབྲེལ་ཡོད་རོགས་སྐྱོར་བྱེད་ཐབས་ལག་བསྟར་ཀྱང་བྱས་པ་རེད།

    “ང་ཚོའི་ཐོབ་ཐང་ནི་འབྲོག་པ་དང་ཞིང་པ་ཡིན་ལ། སྤྱི་གླིང་སྲུང་སྐྱོང་པའང་ཡིན”

    ཚོམས་ཆེན་ནང་མེ་གཞོང་སྟེང་གི་ཁོག་ལྟིར་ནས་རླངས་པ་འཚུབ་འཚུབ་བྱེད་བཞིན་ཡོད་པ་དང་། ལོ་13ལ་སླེབས་པའི་རྡོ་རྗེའི་ཚ་བོ་རྡོ་རྗེ་འཕྲིན་ལས་ཀྱི་ལག་ཏུ་རྒྱང་འཛིན་ཡོ་བྱད་འཁྱེར་ནས་བརྙན་འཕྲིན་གྱི་འཕྲིན་ལམ་སྒྱུར་བཞིན་ཡོད་པ་རེད།

    ས་ཞིང་མུའུ་12ལ་བཏབ་པའི་ནས་དང་ཞོག་ཁོག་སོགས་ལོ་ཏོག་རང་ཁྱིམ་དུ་སྤྱོད་ཀྱི་ཡོད་པ་དང་། ནོར་ནག་མགོ་གྲངས་30གསོས་པ་དེ་དག་གཙོ་བོ་རྡོ་རྗེའི་མ་འཕྲིན་ལས་སྒྲོལ་མས་འཚོ་གི་ཡོད་པ། སྤྱི་གླིང་གིས་ཁྱིམ་ཚང་རེ་ལ་ཁ་གསབ་སྒོར་ཁྲི་5.4སྤྲོད་ཀྱི་ཡོད་པ། ཤ་མོ་འཐུ་བར་མ་མཐར་ཡང་སྒོར་སྟོང་ཕྲག་འགའ་ཤས་རག་གི་ཡོད་པ་ལ་སོགས་རེད།

    རྡོ་རྗེ་ནི་ནགས་སྲུང་པ་ཞིག་ཡིན་པ་དང་། ཁོང་གི་ལས་ཀ་ནི་རི་སྐོར་རྒྱག་པ་དང་། ཚོགས་འདུ་འཚོགས་པ། ཤིང་གཅོད་རྒྱུ་དང་རྔོན་རྒྱག་ལ་སྔོན་འགོག་གི་དྲིལ་བསྒྲགས་བྱེད་པ། ནགས་ཚལ་མེ་ཟོན་བྱེད་པ་བཅས་ཡིན་པས། ལོ་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོང་གི་ཡོད་པ་རེད།

    རྡོ་རྗེའི་བཟའ་ཟླ་ན་ནིང་རེས་མོས་ངང་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བཟོ་པ་བྱས་པས་ལོར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད། “ངས་སྤྱི་ལེ་5ཡི་སའི་ཧྲུའུ་ཏུའུ་མཚེའུ་ཡི་ཡུལ་སྐོར་འགྲོ་ལམ་གྱི་འགན་འཁུར་གྱི་ཡོད་པ་དང་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་སུ་ཉིན་གཅིག་ལ་སྤྱི་རྒྱ་བརྒྱ་ལྷག་ཙམ་གྱི་གད་སྙིགས་གཙང་བཟོ་བྱེད་དགོས་ཀྱི་ཡོད་པས་མཛེས་ལྗོངས་ཁུལ་གཙང་མར་གྱུར་ན་དཀའ་ཡོད་ཀྱང་བྱེད་རིན་ཡོད་པ་ཞིག་རེད”

    རྡོ་རྗེའི་བུ་ནི་མཛེས་ལྗོངས་ཁུལ་གྱི་སྐོར་སྲུང་རུ་མི་ཞིག་ཡིན་ལ་ས་མཐོར་མི་འཕྲོད་པ་སོགས་ཀྱི་གནས་ཚུལ་ཐོན་པའི་ཡུལ་སྐོར་བར་རོགས་སྐྱོབ་བྱ་རྒྱུའི་འགན་འཁུར་གྱི་ཡོད་པས་ཟླ་རེར་ཡོང་འབབ་སྒོར་2000ལྷག་ཙམ་ཡོད། ན་ནིང་ཟླ་6པར་ཁོང་གིས་ས་མཐོར་མི་འཕྲོད་པའི་ནད་གློ་བུར་དུ་ཐོན་ནས་ས་ལ་འགྱེལ་བའི་བུད་མེད་ཡུལ་སྐོར་བ་ཞིག་བསྐྱབས།

    རྡོ་རྗེའི་བུའི་མནའ་མ་ཡང་མཛེས་ལྗོངས་ཁུལ་དུ་ཁོར་ཡུག་སྲུང་སྐྱོང་བཟོ་པ་བྱེད་བཞིན་ཡོད་པ་རེད།

    རྡོ་རྗེས“ང་ཚོའི་ཐོབ་ཐང་ནི་འབྲོག་པ་དང་ཞིང་པ་ཡིན་ལ། སྤྱི་གླིང་སྲུང་སྐྱོང་པའང་ཡིན། སྤྱི་གླིང་ནང་ལས་ཀ་བྱེད་ཀྱི་ཡོད་པ་དེས་ཁྱེད་ཚོས་དངུལ་སྤྲད་ནས་བལྟ་ཐུབ་པའི་ཡུལ་ལྗོངས་ལ་ཉིན་ལྟར་རིན་མེད་ངང་ལྟ་རྒྱུ་ཡོད”ཅེས་བཤད།

    རྔོན་མི་རྒྱག་པ་དང་ཤིང་མི་གཅོད་པ། དེས་རི་བོ་དེ་བས་སྔོ་ལྗང་དང་ཆུ་མོ་དེ་བས་དྭངས་གཙང་དུ་གྱུར་པ་དང་། ཁྱིམ་ཚང་ཡོངས་ཀྱི་དེ་སྔའི་ལོ་རེའི་ཡོང་འབབ་སྒོར་1000ཙམ་ནས་ད་ཆ་ལོ་རེའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་བའི་བར་གྱི་འགྱུར་ལྡོག་སྐོར་གླེང་སྐབས་རྡོ་རྗེ་དགའ་ཚོར་ཆེན་པོ་བྱེད་བཞིན་མཆིས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།