[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • གཞིས་རྩེ་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

     ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི“6677”ལས་ཀའི་བསམ་ཕྱོགས་ལ་དམིགས་པ། “ཚན་རིག་དང་། ལྗང་མདོག ནུས་ཆེ། དྭངས་གཙང”བཅས་བརྗོད་དོན་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། ནུས་ལྡན་གྱི་བྱ་ཐབས་སྤྱད་པ་བཅས་བྱས་ཏེ“གནམ་སྔོན་པོ་དང་། རི་ལྗང་ཁུ། ཆུ་དྭངས་གཙང་། མཁའ་རླུང་གཙང་མ”བཅས་ཀྱི་སྣོད་བཅུད་ཇོ་རིའི་མིང་བྱང་ཧུར་ཐག་བཏོད་ནས་སྣོད་བཅུད་ཁོར་ཡུག་གི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས་ཏེ་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་སེར་རྟགས་རླངས་འཁོར་དང་རླངས་འཁོར་རྙིང་པ་མེད་པ་བཟོ་བའི་ཇུས་གཞི་བཟོས་ནས་རླངས་འཁོར་1720མེད་པ་བཟོས་པ་རེད། གཞན་ཡང་གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང《གཞིས་རྩེ་གྲོང་ཁྱེར་གྱི་ཆུའི་སྦགས་བཙོག་གི་འགོག་བཅོས་བྱ་སྤྱོད་འཆར་གཞིའི་ལས་ཀའི་ཇུས་གཞི》པར་འགྲེམས་བྱས་ནས་ཆུའི་ཁོར་ཡུག་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་ཆུའི་ཐོན་ཁུངས་ལ་ནུས་ཤུགས་ཡོད་རྒུས་གྲོན་ཆུང་དང་སྲུང་སྐྱོང་བྱས་ཡོད། གྲོང་ཁྱེར་དེའི་ས་ངོས་ཆུའི་རྒྱལ་ཁབ་ཀྱི་ཚོད་འཛིན་བཅད་ཁ་8དང་། འཐུང་ཆུའི་ཆུ་ཁུངས་2ལ་ཟླ་རེར་ལྟ་ཞིབ་ཚད་ལེན་ཐུབ་ནས་ཆུ་སྤུས་ལ་ནུས་ལྡན་ངང་ལྟ་ཞིབ་ཚད་ལེན་བྱེད་པའི་གཞི་གྲངས་1400ལྷག་ཙམ་བཏོན་པས་ཆུའི་སྤུས་ཚད་ལོན་ཚད་100%ཟིན་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི《མཛེས་སྡུག་ལྡན་པའི་གཞིས་རྩེ་བསྐྲུན་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་བསྐྲུན་རྒྱུ་གཞི་རྟེན་དུ་བྱེད་པ་དང་མཛེས་སྡུག་ལྡན་པའི་གཞིས་རྩེ་འཛུགས་སྐྲུན་གྱི་2014ལོ་ནས་2016ལོ་བར་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་རིམ་རྩིས་བྱས་ན་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང་1དང་སྣོད་བཅུད་གྲོང་ཚོ་172བདེ་བླག་ངང་འདུན་ཞུ་བྱས་ཡོད། གཙོ་གནད་ཀྱི་སྣོད་བཅུད་བྱེད་ནུས་ཁུལ་སྲུང་སྐྱོང་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་ཕྱིན་ཡོད། མ་དངུལ་སྒོར་ཁྲི་2500བཏང་བའི་ཡར་ཀླུང་གཙང་པོའི་ཆུ་འགོའི་གཙོ་གནད་སྣོད་བཅུད་བྱེད་ནུས་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་གྱི་དུས་ཐེངས་དང་པོའི་རྣམ་གྲངས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཚང་མ་ལེགས་གྲུབ་ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།