[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • འགྲུལ་བཞུད་ལམ་བར་དུ་ཁྱོད་དང་འཕྲད་པའི་བསྐལ་བ་ཐོབ་པའི་སླད་དུ།

    —— མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་རུ་ཁག་དང་མཉམ་དུ“གནས་རི་བླ་མཚོའི”གསེབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རྗེས་བསྙེགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-05

    430648_yis_1504503829854_s.jpg

    ཉེ་ཆར། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་གིས་བོད་ལྗོངས་མངའ་རིས་ས་ཁུལ་དུ“གནས་རི་བླ་མཚོའི”ཁུལ་དུ་གནས་པའི་སྲོག་ཆགས་ལ་ཐེངས་གཉིས་པ་ལྟ་བར་སྐྱོད་སྐབས་ལམ་བར་དུ་མཛེས་སྡུག་ལྡན་པའི་རྣམ་པ་འདི་ལྟ་བུ་མཐོང་རྒྱུ་ཡོད་ཅིང་། འདི་ནི་བོད་ལྗོངས་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་ནས་ཉི་མ་རྫོང་དུ་སྐྱོད་སའི་ལམ་བར་ནས་པར་བླངས་པའི་རྐྱང་ཡིན་པ།

    ཉེ་ཆར། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པ་དང་མཉམ་དུ་བོད་ལྗོངས་མངའ་རིས་ས་ཁུལ་དུ“གནས་རི་དང་བླ་མཚོས”བསྐྱངས་པའི་སྲོག་ཆགས་འཚོལ་བར་བསྐྱོད་པ་ཡིན། ལམ་བར་དུ་དེ་དང་འདི་འདྲ་བའི་མི་སེམས་འགུག་པར་བྱེད་པའི་སྣང་ཚུལ་ཡང་སེ་ཕྲད་བྱུང་། ཚན་རིག་རྟོག་ཞིབ་རུ་ཁག་གི་རིགས་གཅིག་མཁས་ཅན་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལན་ཤིན་མིང་གིས་ང་ཚོར་སྲོག་ཆགས་སྐོར་གྱི་མཐོང་ཐོས་བརྗོད་པས་འགྲུལ་བཞུད་དེ་བས་ངོ་མཚར་ཆེ་བ་ཞིག་བྱུང་།

    རྐྱང་། ཨ་ན་ཨུ་ཚུགས་ཚ་བ།

    རྐྱང་ནི་རང་གིས་རང་ལ་གདེང་ཚོད་ཆེ་ལ་ཆེ་འདོད་ཀྱི་བསམ་པའང་ཆེན་པོ་ཡོད་པ་ཞིག་རེད། ཅི་དགར་རོལ་བཞིན་པའི་སྐབས་འགྲོ་འོང་རླངས་འཁོར་གྱིས་འདྲོག་འགོ་བསླངས་ཚེ་ཁོང་ཚོས་རླངས་འཁོར་དང་མྱུར་ཚད་འགྲན་ཞིང་། རླངས་འཁོར་ལས་རྣམ་པར་རྒྱལ་སྐབས་མགོ་བཏེགས་བྲང་ལྡིར་གྱིས་སྤོབས་སེམས་ཆེན་པོས་ཕམ་ཁ་ཤོར་མཁན་ལ་ལྟ་བའམ་རང་རློམ་ཆེན་པོས་སྐད་རྒྱག་གི་ཡོད། ཕམ་སྐབས་མགོ་བོ་བསྡུས་ཏེ་ཡིད་མུག་པོར་རྨིག་པས་ས་འབྲད་འབྲད་བྱེད་པ་དང་ཁོང་ཁྲོ་ལངས་པའི་སྣང་ཚུལ་ནི་དངོས་གནས་དགོད་ཤོར་དགོས་པ་ཞིག་ཡོད།

    གཙོད། འཛམ་གླིང་ཐོག་ཨ་མ་ལས་ལྷག་པ་མེད།

    ལོ་རེའི་ཟླ་5པ་དང་6པའི་བར། གཙོད་མོ་ཁྱུ་བསྒྲིགས་ནས་དགུན་དུས་ཀྱི་སྦྱོར་སྡེབ་བྱ་ཡུལ་ནས་དུས་རབས་མང་པོ་རྒྱུན་འཛིན་བྱས་པའི་བར་ཐག་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་གཙོད་ཕྲུག་སྐྱེ་སར་གནས་སྤོ་གི་ཡོད།

    གཙོད་ཕྲུག་སྐྱེས་ནས་ཉིན་གསུམ་ཙམ་རིང་གཙོད་ཨ་མ་གཟུགས་པོ་ཧ་ཅང་སྐྱོ་བས་སྤྱང་ཀིའི་འཇབ་རྒོལ་ཕོག་ཉེན་ཆེ། གཙོད་ཕྲུག་སྲུང་སྐྱོབ་བྱ་ཆེད། གཙོད་མོས་རྟག་ཏུ་སྤྱང་ཀི་ཁ་ཕྱོགས་གཞན་ལ་འཁྲིད་ཀྱི་ཡོད། དེར་བརྟེན་གཙོད་མོ་མང་པོ་ཞིག་རང་སྲོག་ཤོར་གྱི་ཡོད།

    སྐྱེས་ནས་ཉིན་གསུམ་སོང་རྗེས་གཙོད་ཕྲུག་གིས་རྒྱུག་ཤར་གློད་ཐུབ་པས་ཁོང་ཚོས་ཨ་མ་དང་མཉམ་དུ་རྒྱང་ཐག་རིང་བའི་འཚོ་སྡོད་བྱ་ཡུལ་དུ་ལོག་གི་ཡོད། ལམ་བར་དུ་གངས་ཆར་གྱི་ཉམས་སད་ཐེབས་པ་དང་། སྤྱང་ཁྱུའི་འཇབ་རྒོལ་ཕོག་པ། གཙང་ཆུའི་འགོག་རྐྱེན་འཕྲད་པ་སོགས་ཀྱི་རྐྱེན་པས་སྤྱིར་ན་གཙོད་ཕྲུག་གསོན་ཚད་བཅུ་ཆ་གསུམ་ཡས་མས་ལས་ཟིན་གྱི་མེད། དུས་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་འགྲུལ་བཞུད་བྱེད་རིང་གཙོད་ཨ་མའི་བྱམས་སེམས་ཀྱིས་མགོ་ནས་མཇུག་བར་གཙོད་ཕྲུག་སྲུང་བར་བྱེད་ཀྱི་ཡོད།

    ཁྲུང་ཁྲུང་མཇིང་ནག ཕྲུ་གུ་སྐྱོང་བར་མཁས་པ།

    ཁྲུང་ཁྲུང་མཇིང་ནག་གཏན་གྲོགས་གཉིས་པོས་ཕ་རོལ་པོར་ལྷག་བསམ་རྣམ་དག་བྱེད་ལ་བྱ་ཕྲུག་ལ་བྱམས་བརྩེ་ཆེ། སྒོ་ང་བཏང་རྗེས་རོགས་ཟླ་གཉིས་པོས་མཉམ་དུ་ཚེ་སྲོག་གསར་པ་སྦྲུམ་གྱི་ཡོད། ཉིན་30ནས་33བར་སོང་རྗེས་བྱ་ཕྲུག་སྒོ་ང་ལས་ཐོན་ཞིང་། བྱ་ཕྲུག་རྣམས་ཀྱིས་སྒོ་ང་ནས་ཐོན་པའི་ཉིན་དེ་རང་ནས་ཆུ་རྐྱལ་རྒྱག་ཤེས་པ་དང་། དེ་རྗེས་ཕ་མའི་སྲུང་སྐྱོང་འོག་གོམ་པ་སྤོ་སྟངས་སྦྱངས་ནས་ཟླ་3སོང་རྗེས་གཤོག་ཟུང་བརྐྱངས་ནས་གནམ་འཕང་གཅོད་ཐུབ།

    འབྲལ་མི་ཕོད་པ་ཇི་ཙམ་ཡོད་ཀྱང་། སྒོ་ང་རྗེས་མ་དེ་མ་བཏང་གོང་ཁྲུང་ཁྲུང་མཇིང་ནག་གིས་ནར་སོན་པའི་བྱ་ཕྲུག་ས་ཆ་གཞན་དུ་འབུད་ཀྱི་ཡོད། ལག་ཟུང་གློད་ནས་བུ་ཕྲུག་འཚར་ལོངས་བྱེད་དུ་འཇུག་པ་དེའང་བྱམས་བརྩེ་ལྷད་མེད་ཅིག་ཅི་ལ་མིན།

    གནའ་བ། གཡང་གཟར་དུ་རྒྱུ་བའི་བྲག་འཛེག་མཁས་པ།

    གནའ་བ་ནི་བྲག་འཛེག་ལ་ཧ་ཅང་མཁས་ཤིང་། གཡང་གཟར་བྲག་རིའི་གསེབ་ན་ཅི་དགར་རྒྱུ་ཐུབ་ཀྱི་ཡོད། དེས་མ་ཟད་དོགས་ཟོན་ཆེན་པོ་ཡོད་པ་དང་ཉེ་བར་བཅར་དཀའ་བས“བྲག་ལྡེབས་ཀྱི་ཐེའུ་རང”ཞེས་འབོད་ཀྱི་ཡོད། གཏུམ་དྲག་ཆེ་ལ་བདེ་རྩལ་འཁྱུག་པའི་གསའ་ཡིས་གནའ་བ་འདེད་འདོད་ཡོད་ཀྱང་ག་བྱེད་འདི་བྱེད་མེད་པར་གྱུར་གྱི་ཡོད།

    ཡིན་ནའང་གངས་བབས་ནས་ཁ་ཤུལ་ཉི་མས་དྲོས་སྐབས་གནའ་བ་ཉེན་ཁ་ཆེ་ཤོས་ཀྱི་དུས་ཤིག་རེད། ཁ་བར་ཉི་འོད་ཕོག་ནས་ལྡོག་འོད་འཕྲོ་བས་གནའ་བ་གངས་འཕྱིད་ཐེབས་སླ། གངས་འཕྱིད་ཐེབས་པའི་གནའ་བས་དངོས་པོ་གང་ཡང་མི་མཐོང་བར་རྟག་ཏུ་གཡང་གཟར་ནས་ཟགས་ཏེ་ཤི་ཡི་ཡོད། ཤི་སྟངས་དེ་ནི་དངོས་གནས་ཚེ་གང་གི་མཚན་སྙན་བརྫད་པ་ཞིག་མ་རེད་དམ།

    ས་མཐོའི་ཨ་བྲ། གཙང་སྦྲ་དོད་པའི་ནད་ཡམས་སྔོན་འགོག་མཁས་པ།

    ས་མཐོའི་ཨ་བྲ་བདེ་ལྕག་ཧ་ཅང་འཁྱུག་པས“རྩྭ་ཐང་གི་ཐེའུ་རང”ཞེས་འབོད། སྲོག་ཆགས་ཞིང་ཁམས་སུ་ས་མཐོའི་ཨ་བྲ་གཙང་སྦྲར་དང་དོད་ཧ་ཅང་ཆེན་པོ་ཡོད་པ་ཚང་མས་ཤེས་ཀྱི་ཡོད། ཁོ་ཚོ་སྡོད་སའི་ཁུང་བུར་མལ་ས་དང་སྐྱག་གཅིན་གཏང་ཡུལ་ལོགས་སུ་དབྱེ་ཞིང་། ཁུང་བུ་དང་བར་ཐག་ལི་སྨི་བཅུ་ཕྲག་ཁ་ཤས་ཀྱི་སར་ཆེད་མངགས་ཀོང་ཀོང་དྲུས་ཏེ་སྐྱག་གཅིན་གཏོང་ས་བྱེད་ཀྱི་ཡོད། ཁུང་བུའི་གཏིང་དུ་གཙང་ཞིང་བདེ་བའི་ཚང་གཙོ་བོ་ཞིག་བཟོས་ཡོད་པ་དེ་ཁོ་ཚོ་དགུན་སྒྲོལ་དང་རྗེས་རབས་པ་སྐྱེ་འཕེལ་བྱེད་ས་ཡིན་ཞིང་། དེའི་ནང་འཇམ་ཞིང་དྲོ་བའི་རྩྭ་ཞིབ་མོ་བཏིངས་ཡོད།

    མི་རྣམས་དེ་བས་ཧང་སང་དགོས་པ་ཞིག་ནི། ནད་ཡམས་ཐོན་སྐབས་སྤྱང་གྲུང་དོད་པའི་ས་མཐོའི་ཨ་བྲས་ད་དུང་དྲང་སྲོང་དང་། སྤང་རྒྱན། རྩྭ་ལྡུམ་མཁན་པ། སུད་སེར་སོགས་དུག་སེལ་ནུས་པ་ལྡན་པའི་སྨན་རྩྭ་བཀོག་ནས་ཁུང་བུའི་ནང་བཞག་སྟེ་ནད་ཡམས་དང་སྲིན་འབུ་འགོག་ཐབས་བྱེད་ཀྱི་ཡོད།

    འབྲོང་། བག་མ་བཙན་འཁྲིད་ཀྱིས་མག་པར་འགྲོ་མཁན་གྱི་དབང་ཆེན།

    ལོ་རེའི་དྲུས་རྩ་ལངས་པའི་དུས་འབྲོང་ཕོ་ཡིས་འཛེམ་འཛེམ་ཐོགས་ཐོགས་མེད་པར་འབྲོག་པའི་འབྲི་ཁྱུའི་ཁྲོད་ཤོར་ནས་གཡག་གིས་ཀྱང་གླགས་མི་འཁེལ་བར་འཛིང་ཕོད་ཀྱི་མེད། འབྲི་ཡིས་ཀྱང་སོ་སོའི“སྙིང་སྡུག”འཕྲད་པ་ལྟར་ཡིད་མོས་པོས་གྲོགས་འདོད་བྱེད་ཀྱི་ཡོད།

    དྲེད་མོང་། གཏོར་བཤིག་ལ་དགའ་བའི“པྲ་ཚགས་ཅན་གྱི་ཕྲུ་གུ”

    དྲེད་མོང་ནི་མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་སྲོག་ཆགས་ཤིག་ཡིན་ཞིང་། ནར་སོན་པའི་དྲེད་མོང་གི་གཟུགས་པོའི་རིང་ཚད་ལ་སྨི་2ཙམ་ཟིན་པ་དང་ལྗིད་ཚད་ལ་སྤྱི་རྒྱ་བརྒྱ་གྲངས་ཁ་ཤས་ཟིན་གྱི་ཡོད། དེ་དག་ནི་མཚོ་བོད་ས་མཐོའི་མིང་དོན་མཚུངས་པའི“གྱད་མི”རེད་ལ་འབྲོག་པར་སེམས་ཁྲལ་ཆེན་པོ་བཟོ་མཁན་གྱི“པྲ་ཚགས་ཅན་གྱི་ཕྲུ་གུ”ལྟ་བུའང་རེད།

    རང་བྱུང་ཁམས་ཆེ་མོའི་ཁྲོད་ཟས་འཚོལ་བ་ནི་ཁོང་ཚོའི་ངོས་ནས་བརྗོད་ན་དཀའ་ལས་ཆེ་ཤོས་ཤིག་ཡིན་ཞིང་། དྲེད་མོང་རྟག་ཏུ་སྒྱིད་ལུག་ཆེ་བར་བརྟེན་གོ་སྐབས་རག་སྐབས་འབྲོག་པའི་ཁྱིམ་དུ་སྔོག་འཁྲོལ་རྒྱག་གི་ཡོད། ཁྱིམ་དུ་མི་བསྡད་མེད་ཚེ་ཁོ་ཚོས་སྒེའུ་ཁུང་བཅག་ནས་འཛུལ་བ་དང་། སྔོན་ལ་མར་དང་། ཞོ། ཕྱུར་བ་སོགས་འདང་ངེས་བཟས་རྗེས་བཟས་མ་ཚར་བ་རྣམས་འཁྱེར་འགྲོ་ཡི་ཡོད། ཁོ་ཚོ་སྣུམ་འཐུང་རྒྱུར་དགའ་ཞིང་། སྣུམ་མཐོང་མ་ཐག་ཐིགས་པ་གཅིག་ཀྱང་འཕྲོ་བརླག་གཏོང་གི་མེད། དྲེད་མོང་ཁག་གཅིག་གིས་ལྟོ་བ་བརྒྱགས་རྗེས་གཏོར་བཤིག་རྒྱགས་ཚད་ཅིག་གཏོང་གི་ཡོད་པ་སྟེ། སྣུམ་དང་། འོ་མ། རྩམ་པ་བཅས་ཀྱི་སྐྱོ་མ་གཡོ་བ་དང་། སྐབས་རེ་གཅིན་པའང་གཏོང་གི་ཡོད།

    དགོ་བ། ས་མཐོར་རང་དགར་རྒྱུ་བཞིན་པའི“སྙིང་གཟུགས”

    དགོ་བ་ནི་མིག་ལ་ལྟ་སྣང་དོད་པ་མ་ཟད། སྨད་ཁོག་ཀྱང་ཧ་ཅང་ཡིད་ལ་འཐད་པ་ཞིག་ཡོད་ཅིང་། ཁོང་ཚོའི་སྨད་ཁོག་ལ་སྙིང་གཟུགས་ཀྱི་དཀར་ཐིག་ཆེན་པོ་ཞིག་ཡོད་པ་དང་བང་རྒྱུག་སྐབས་འགུལ་སྐྱོད་བྱེད་བཞིན་པའི་སྙིང་གཟུགས་ཤིག་དང་འདྲ་བས། དགོ་བའི་སྨད་ཁོག་ལ་ལྟ་སྐབས་དྲ་བའི་ཐོག་གི་མོས་རྡེབ་ཀྱི་བརྡ་རྟགས་དང་ཀུན་ནས་མཚུངས།

    རིགས་གཅིག་མཁས་ཅན་གྱིས་དགོ་བ་ཕོ་མོ་ཚང་མར་དཀར་ཐིག་ཆེན་པོ་དེ་འདྲ་ཡོད་པ་དང“སྙིང་གཟུགས”དེ་ཕོ་མོའི་དབར་བརྩེ་བ་མཚོན་བྱེད་ཅིག་མིན་པར་མཇུག་མ་ནག་པོ་དེ་དང་བསྡེབས་ནས་རོགས་ཟླའི་དབར་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པའི་ནུས་པ་ཞིག་ཐོན་པ་དེ་གཙོ་བོ་རེད་ཅེས་ཤོད་ཀྱི་ཡོད།

    ལན་ཤིན་མིང་གིས་ཉེ་ལམ་ལོ་ཤས་རིང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པས། མཚོ་བོད་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་ཡང་ཧ་ཅང་མང་དུ་སོང་ནས་སྲོག་ཆགས་སྣ་ཚོགས་སོས་དལ་བག་ཕེབས་ངང་འཚོ་གནས་བྱེད་པའི་རྣམ་པ་ཞིག་ཆགས་ཏེ་ས་མཐོའི་དམིགས་བསལ་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་ཅེས་བཤད།

    430766_yis_1504514811995_s.jpg

    འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་ནས་བླངས་པའི་ཁྲུང་ཁྲུང་མཇིང་ནག་གི་པར་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།