[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • རང་རྒྱལ་གྱི་རྩྭ་ཐང་སྣོད་བཅུད་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བའི་སྣང་ཚུལ་བཀག་འགོག་རགས་ཙམ་ཐུབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་རྩྭ་ཐང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ཤུགས་སྣོན་རྒྱག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་རྩྭ་ཐང་གི་སྣོད་བཅུད་མ་ལག་སྲུང་སྐྱོང་དང་ཉམས་གསོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས། རྩྭ་ཐང་གི་ཆུ་འགོ་གསོ་འཁྱོངས་དང་། ས་རྒྱུ་སྲུང་འཛིན། རླུང་འགོག་བྱེ་འཇགས་སོགས་སྣོད་བཅུད་ནུས་པ་སླར་གསོ་དང་ཤུགས་སྣོན་ཐེབས་ཏེ། ས་ཁུལ་ཆ་ཤས་ཀྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ་མ་ཟད། རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་སྡུག་ཏུ་འགྲོ་བའི་སྣང་ཚུལ་བཀག་འགོག་རགས་ཙམ་ཐུབ་ཡོད་པ་རེད།

    ཚེས་1ཉིན་ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཐོག་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་གནང་སྐབས་གསུངས་དོན། རང་རྒྱལ་ནི་རྩྭ་ཐང་ཐོན་ཁུངས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། རིགས་ཁག་གི་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར་60ཙམ་ཡོད་པ་དེས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་40%ཟིན་ཡོད། རྩྭ་ཐང་ནི་རང་རྒྱལ་སྐམ་སའི་སྣོད་བཅུད་མ་ལག་གི་གྲུབ་ཆ་གལ་ཆེན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འཐབ་ས་གཙོ་བོའི་གྲས་ཤིག་རེད་ལ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་རྒྱུ་ཆ་དང་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྟེན་ས་གལ་ཆེན་ཞིག་ཀྱང་རེད།

    ཧན་ཁྲང་ཧྥུའུ་ཡིས་ངོ་སྤྲོད་གནང་དོན། ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར། 2016ལོར་རྒྱལ་ཡོངས་ཀྱི་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་54.6%ཟིན་པ་དེ་2010ལོ་ལས་བརྒྱ་ཆའི་གྲངས་3.6འཕར་ཡོད། ནང་སོག་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་སྣོད་བཅུད་དུས་རབས་20ལོ་རབས་80དུས་དཀྱིལ་གྱི་ཆུ་ཚད་མཚམས་སུ་སླར་གསོ་བྱུང་བ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་41.3%ཟིན་ནས་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་འཁོད་ཚུན་གྱི་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་བཏོད་པ། མཚོ་སྔོན་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་རྩྭ་ཐང་གི་སྣོད་བཅུད་མ་ལག་གི་ཆུ་རྩ་གསོ་འཁྱོངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་28.4དང་འདམ་རའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་104འཕར་བ་བཅས་རེད།

    ཁོང་གིས་གསུངས་དོན། མ་གཞི་ཉེ་བའི་ལོ་ཤས་ཚུན་དུ་རྩྭ་ཐང་གི་སྣོད་བཅུད་མ་ལག་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་སྤྱི་ཡོངས་ད་དུང་ཉམས་ཞན་ཡིན་པ་དང་མདུན་སྐྱོད་མ་བྱས་ན་ཕྱིར་བཤོལ་ཐེབས་ངེས་པའི་དུས་མཚམས་སུ་གནས་ཡོད་པས། རྩྭ་ཐང་གི་སྣོད་བཅུད་བདེ་འཇགས་དེ་སྔར་བཞིན་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་ཀྱི་ལྷུ་ཚིགས་ཉམས་ཞན་དེ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།