[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • མཚོ་བོད་ས་མཐོར་སྣོད་བཅུད་ལེགས་བཅོས་བྱུང་རྗེས་སུ“མི་དང་སྲོག་ཆགས་དབར་འགལ་བ”ཐོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-03

    དེ་སྔ་གཙོད་རྔོན་རྒྱག་པའི་གནད་དོན་མང་པོ་ཐོན་ནས་རིགས་ཁྱུའི་གྲངས་འབོར་ཉུང་དུ་ཤུགས་ཆེན་ཕྱིན་ཡོད། ད་ཆ་སྣོད་བཅུད་ལེགས་བཅོས་བྱུང་རྗེས་བོད་ཀྱི་མངའ་ཁོངས་སུ་གཙོད་ཀྱི་གྲངས་འབོར་ཁྲི་1.5ཟིན་ཡོད་པ་རེད། མཚོ་བོད་ས་མཐོར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་གློ་བུར་དུ་མང་དུ་ཕྱིན་ནས“མི་དང་སྲོག་ཆགས་དབར་འགལ་བ”ཐོན་བཞིན་ཡོད་པ་རེད།

    ཀྲུང་གོ་ཚན་རིག་ཁང་གིས་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། བོད་ཀྱི་མངའ་ཁོངས་སུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་125ལ་སྲུང་སྐྱོང་ཡག་པོ་བྱུང་ནས་གཙོད་ཀྱི་ཁྱུ་ཚོགས་རིམ་གྱིས་མང་དུ་སོང་བ་དང་། ཁྲུང་ཁྲུང་འཇིང་ནག་གི་གྲངས་འབོར་7000ཙམ་དུ་སླེབས་པ། འབྲོང་ཁྲི་1ཙམ་བར་མང་དུ་སོང་བ་བཅས་རེད།

    ད་ཆ་བོད་ལྗོངས་འདི་ཉིད་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ངལ་གསོ་ཡུལ་དུ་གྱུར་ནས་རང་བྱུང་སྲུང་སྐྱོང་ཁུལ་61བསྐྲུན་ཟིན་པའི་ནང་། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་10ཡོད་པར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་37ཡོད་པ་རེད། ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་ཐོག་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་དང་ཁྱུ་མཐོང་རྒྱུ་ཡོད།

    མཇུག་འགྲིལ་མ་ཐག་པའི་ཐེངས་གཉིས་པའི་མཚོ་བོད་ས་མཐོའི་གཙང་པོ་དང་མཚེའུའི་ནང་གནས་པའི་སྐྱེ་དངོས་དང་སྣོད་བཅུད་འགྱུར་ལྡོག་ཕྱོགས་བསྡུས་ཚན་ཞིབ་རྟོག་ཞིབ་ཁྲོད། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལེན་ཤིན་མིང་གི་ལས་དོན་ནི་རྩྭ་གཟན་འོ་གསོའི་སྲོག་ཆགས་ལ་ལྟ་ཞིབ་བྱ་རྒྱུ་དེ་རེད། ཁོང་གིས་ཚན་ཞིབ་བྱེད་པའི་ཁྲོད། དེ་སྔ་གཙོད་500ཙམ་གྱི་ཁྱུ་ཚོགས་མཐོང་བྱུང་ཞེས་བཤད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གཙོད་ཕྲུག་སྐྱེ་བའི་སྐབས་དང་འཕྲད་པས་བྱང་རྩྭ་ཐང་ཐོག་རྟག་ཏུ་གཙོད་གནས་སྤོ་བྱེད་པའི་རྣམ་པ་མཐོང་རྒྱུ་ཡོད།

    བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་ལོ་མང་འབད་བརྩོན་བྱས་པ་བརྒྱུད། བོད་ཀྱི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཁྱུ་ཚོགས་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད། གཙོད་སྟོངས་ལ་ཉེ་བ་ནས་སླར་གསོ་ཐུབ་པ་དང་། དེ་སྔ་རྩ་བ་ནས་སྟོངས་པར་ངོས་འཛིན་པའི་བོད་ཀྱི་ཤྭ་བ་དུས་རབས་གོང་མའི་ལོ་རབས་90པར་སླར་ཡང་རྙེད་ནས་ཁྱུ་ཚོགས་རྒྱུན་ཆད་མེད་པར་མང་དུ་སོང་བ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་དགྲ་ཡ“རྩྭ་ཐང་གི་གད་པ”ཞེས་བརྗོད་པའི་སྤྱང་ཀིའི་གྲངས་འབོར་ཡང་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད་ཅེས་བཤད།

    ཁྱུ་ཚོགས་མང་དུ་ཕྱིན་པ་དང་བསྟུན་ནས་གངས་ལྗོངས་ས་མཐོར་མི་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འབྲེལ་བར་གློ་བུར་དུ་འགྱུར་ལྡོག་བྱུང་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་འབྲི་གཡག་དང་ལུག་ཁྱུར་གནོད་འཚེ་གཏོང་བ་དང་སྡོད་ཁང་དང་ལྷས་རར་གནོད་འཚེ་གཏོང་བ་མ་ཟད་ཐ་ན་མི་སྲོག་ཀྱང་ཤོར་གྱི་ཡོད་པ་རེད།

    མིའི་བག་ཆགས་ནང་དྲེད་མོང་ནི་ཁོབ་ཤིག་ཤིག་ཅིག་ཡོད་མོད། འོན་ཀྱང་སྲོག་ཆགས་འདིས་རྟག་ཏུ“གཞན་ལ་གནོད་འཚེ”བཏང་ནས་མི་རྣམས་ག་བྱེད་འདི་བྱེད་མེད་པར་བཟོ་གི་ཡོད། དྲེད་མོང་གིས་ཞིང་འབྲོག་པར་གནོད་འཚེ་མང་ཤོས་གཏོང་གི་ཡོད། དྲེད་མོང་པད་ཁའི་སྣུམ་འཐུང་རྒྱུར་དགའ་བ་དང་རྟག་ཏུ་སྒེའུ་ཁུང་ནས་འཛུལ་ཏེ་སྒོ་ནས་དོན་པའམ་ཡང་ན་སྒོ་ནས་འཛུལ་ཏེ་སྒེའུ་ཁུང་ནས་དོན་པ་སོགས་བྱས་ཏེ་འབྲོག་པའི་རྩམ་པའི་ནང་སྐྱག་གཅིན་གཏོང་བ་སོགས་བྱེད་ཀྱི་ཡོད། དྲེད་མོང་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པས་ཞིང་འབྲོག་པ་ཚོས་ཐག་གཅོད་བྱེད་ཁག་པོ་ཡོད་ཅེས་ལེན་ཤིན་མིང་གིས་བཤད།

    སྲོག་ཆགས་ཀྱིས་གནོད་འཚེ་གཏོང་བའི་གནས་ཚུལ་ཐོན་མང་བར་དམིགས་ནས་བོད་ཀྱིས་2006ལོར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་གནོད་འཚེ་གཏོང་བའི་ཁ་གསབ་ལམ་སྲོལ་ལག་བསྟར་བྱས་ཏེ་གནོད་འཚེ་ཕོག་མཁན་ཚོར་ཁ་གསབ་སྤྲོད་པ་མ་ཟད། ད་དུང་འགན་བཅོལ་ཀུང་སིས“བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་གནོད་འཚེ་གཏོང་བའི་འགན་བཅོལ”ཁྱབ་གདལ་བཏང་བས་གནད་དོན་ཐག་གཅོད་ངེས་ཅན་བྱུང་ཡོད། ཡིན་ནའང་རྫོང་ཁག་གཅིག་ཏུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་དང་ཁྱུ་བྱས་ཏེ་རྩྭ་ཐང་ཐོག་ཕར་འགྲོ་ཚུར་འོང་བྱེད་པ་དང་ཁྱིམ་ཕྱུགས་ཀྱི་རྩྭ་ལ་ཧབ་ཐོབ་བརྒྱབ་པ་སོགས་བྱེད་ཀྱི་ཡོད་སྟབས་ཇི་ལྟར་བྱས་ནས་མི་རྣམས་ཀྱི་སེམས་ཁྲལ་སེལ་དགོས་སམ།

    བོད་ལྗོངས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རིགས་གཅིག་མཁས་ཅན་ལིའུ་ཝུའུ་ལིན་སོགས་ཀྱིས“མི་དང་སྲོག་ཆགས་དབར་གྱི་འགལ་བ”རྩ་བ་ནས་ཐག་གཅོད་བྱེད་པའི་ཐབས་ཇུས་ནི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་བར་མཐོངས་ངེས་ཅན་ཞིག་བཞག་ནས་མི་དང་སྲོག་ཆགས་དབར་ཕན་ཚུན་གནོད་འཚེ་མི་ཡོང་བ་བྱེད་དགོས་ཞེས་བཤད་པ་དང་། ལེན་ཤིན་མིང་གིས་ཀྱང་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི“མི་དང་སྲོག་ཆགས་དབར་གྱི་འགལ་བ”ཐག་གཅོད་བྱེད་པའི་ཉམས་མྱོང་དཔྱད་གཞིར་འཛིན་ནས་རྩྭ་ཐང་ཐོག་ཕྱུགས་རིགས་ཀྱི་གྲངས་འབོར་ལ་ཚོད་འཛིན་བྱས་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་བར་མཐོངས་ངེས་ཅན་ཞིག་འཇོག་དགོས་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།