[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པ།

    བོད་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-12

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པའི་རང་ལྗོངས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་བརྟན་པོ་འགྲོ་བ་དང་དུས་མཚུངས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་སྣོད་བཅུད་ཤེས་དཔལ་ལམ་ལུགས་དང་མ་ལག་འཛུགས་སྐྱོང་ཟམ་མི་ཆད་པར་འཚོལ་ཞིབ་དང་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་དང་མ་ལག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་འདམ་རའི་སྲུང་སྐྱོང་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་ལམ་སྲོལ་30ལྷག་ཙམ་ཡོངས་བསྒྲགས་ལག་བསྟར་བྱས་པ་དེ་དག་སྤྱིར་ན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྱབ་ཁོངས་ཚང་མར་ཁྱབ་ཡོད། བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས། བྱ་ཐབས་བཅས་རབ་དང་རིམ་པ་སྔ་རྗེས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཁོར་ཡུག་ཁྲིམས་ལུགས་ཀྱི་མ་ལག་བཟོས་ཡོད་ལ། རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་གཡས་གཞོགས་གཡོན་འདེགས་ཀྱང་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་བྱ་སྤྱོད་ངོ་མའི་ཐོག་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད་ཡོད།

    ཉེ་བའི་ལོ་གཉིས་རིང་། སྣོད་བཅུད་ལས་ཞུགས་ཀྱི་དབུལ་སྒྲོལ་སྲིད་ཇུས་བོད་ཀྱི་གཞི་རིམ་དུ་རྩ་བ་ཚུགས་པ་དང་མི་སེར་སྔར་ལས་མང་བས་སྣོད་བཅུད་སྲུང་སྐྱོང་ལ་བརྟེན་ནས་འབབ་འཕར་དང་ཡོང་འབབ་བསགས་ཏེ་ཕྱུག་པོའི་ལམ་དུ་སྐྱོད་ཡོད།

    རང་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ལ་ནགས་གསོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་སོགས་སྣོད་བཅུད་འདུ་འགོད་འཛུགས་སྐྱོང་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་ཧུར་ཐག་བྱས་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་གང་ཐུབ་བྱས་ཤིང་། ལོ་ལྟར་ཞིང་འབྲོག་པ་ཁྲི་10ཡན་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ནང་ཐད་ཀར་ཞུགས་པས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་བྱུང་ཡོད།

    བོད་ནི་འཛམ་གླིང་ཐོག་སྐྱེ་དངོས་སྣ་མང་རང་བཞིན་དང་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་ཞིང་། མིག་སྔར། རང་ལྗོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་ཁག་61བཙུགས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41ཟིན་པའི་ཁྲོད། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་10ཡོད་པའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་ནོར་རྒྱས་ཀྱིས་རང་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་འདུ་ཤེས་ཟབ་མོ་བཙུགས་ཏེ་གྲོན་ཆུང་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་སྔོན་ལ་བྱེད་པ། རང་བྱུང་སླར་གསོ་གཙོ་བོར་བཟུང་བ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྱོང་གི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།