[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཆུ་གསུམ་རྫོང་གདོང་མཁར་གྲོང་ཚོས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཤུགས་ཆེན་བྱེད་པ་དང་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་བཏང་བས་སྣོད་བཅུད་ཀྱི་ཡོང་འབབ་ཇེ་མང་དུ་སོང་བ།

    མཛེས་སྡུག་ལྡན་པའི་རི་ཆུས་འབྱོར་འབྲིང་ལམ་བུ་རབ་ཏུ་གསལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    557180_yis_1539234169175_s.jpg

    འདི་ནི་མཛེས་ལྗོངས་ལྟ་ན་སྡུག་པའི་གདོང་མཁར་གྲོང་ཚོའི་རྐྱལ་བ་ཞོལ་འདམ་ར་ཡིན་པ།

    ལེ་ཚན་གཏོད་པའི་གཏམ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྣོད་བཅུད་ཀྱི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ནན་སྲུང་གིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ཡོད། 2018ལོའི་ཟླ་དང་པོ་བར་རང་ལྗོངས་ཀྱི་རྫོང་10དང་། ཤང་དང་གྲོང་རྡལ་173 སྲིད་འཛིན་གྲོང་ཚོ་1924བཅས་ལ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་དང་། སྣོད་བཅུད་ཤང་དང་གྲོང་རྡལ། སྣོད་བཅུད་གྲོང་ཚོ་བཅས་ཀྱི་མཚན་སྙན་ཐོབ་ཡོད། འདི་ག་ཚགས་པར་ཐོག་དེ་རིང་ནས་བཟུང“མཛེས་སྡུག་ལྡན་པའི་བོད་ལྗོངས་ང་ཚོས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས—— ས་མཐོའི་སྣོད་བཅུད་གྲོང་ཚོའི་འཕོ་འགྱུར་སྐོར་བཀོད་པ”ཞེས་པའི་ལེ་ཚན་འདོན་རྒྱུ་ཡིན་པས་ཀློག་པ་པོ་ཚོས་དོ་སྣང་ཡོད་པ་ཞུ།

    1995ལོར་རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གྱིས“རྒྱལ་ཡོངས་ཀྱི་ནགས་བཟོ་སྔོ་འགྱུར་གྱི་གྲོང་ཚོ་རྩེ་གྲ་ཆིག་སྟོང”གི་གྲས་སུ་བདམས་པའི་ཆུ་གསུམ་རྫོང་གདོང་མཁར་གྲོང་ཚོ་དེ་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་སྣོད་བཅུད་འཛུགས་སྐྲུན་ལམ་བུའི་ཐོག་གི“དཔེ་མཚོན་གྲོང་ཚོ”ཞིག་རེད། ཆ་སྙོམས་ས་བབ་མཐོ་ཚད་སྨི་4050ཡོད་པའི་གདོང་མཁར་གྲོང་ཚོར“གནའ་བོའི་སྡོང་པོ་མང་པོ”ཞིག་ཡོད་པ་མ་ཟད། “སྔོ་ཞིང་དྭངས་བའི་ཆུ་མོ་དུད་ཚང་སྐོར་ནས་རྒྱུག་པའི”ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཀྱང་ཡོད་པ་ནི་དཔེ་མཚོན་གྱི་ས་མཐོའི་སྣོད་བཅུད་གྲོང་ཚོ་ཞིག་རེད།

    གདོང་མཁར་གྲོང་ཚོར་ཕྱིར་གླ་པར་འགྲོ་མཁན་མི་གྲངས་311ཡོད་པ་དེས་གྲོང་ཚོ་ཡོངས་ཀྱི་མི་འབོར་གྱི་80%ལྷག་ཙམ་ཟིན་ཡོད།

    གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་འཇམ་དཔལ་གྱིས་ཏང་གིས་ང་ཚོ་ཞིང་འབྲོག་པར་གཟིགས་སྐྱོང་སྲིད་ཇུས་མང་པོ་གནང་བྱུང་། ཕྲུ་གུ་སློབ་གྲྭར་སྐྱོད་པར“འགན་ལེན་གསུམ”ཡོད་པ་དང་། ན་དུས་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་འགྲོ་སོང་རྩིས་ཞུ་ཡོད་པ། རྩྭ་རར་སྣོད་བཅུད་སྐྱིན་གསབ་འགྲོ་གྲོན་བཅས་ཡོད་པས། སྲིད་ཇུས་བཟང་པོའི་ཤར་རླུང་དང་དཀའ་སྤྱད་འབད་འཐབ་ལ་བརྟེན་ན་འཚོ་བ་ཡག་པོ་ཞིག་སྐྱེལ་མི་ཐུབ་པའི་སེམས་ཁྲལ་མི་འདུག་ཅེས་བཤད།

    “རང་བྱུང་གི་གསོ་རླུང་ཁང”བཏོད་ནས“ལྗང་མདོག་རྒྱུ་ནོར”བསྐྲུན་པ།

    དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པར་གདོང་མཁར་གྲོང་ཚོའི་སྨན་བཅོས་ཆ་རྐྱེན་དང་རྨང་གཞིའི་སྒྲིག་བཀོད་ཚང་མ་ཞན་པོ་ཡོད་རྐྱེན། གྲོང་མི་ཚོར་ནད་གཞི་ཆུང་རིགས་ཡང་ཡང་ཕོག་པ་དང་གྲོང་མི་རྣམས་མཉམ་དུ་འཛོམས་ཏེ་ཐག་གཅོད་བྱེད་སྟངས་གྲོས་བསྡུར་བྱས་མཐར་ཚང་མས་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་ཡིན་པས་ཤིང་མང་ཙམ་བཏབ་ན་ཁོར་ཡུག་མཛེས་སུ་འགྲོ་བ་མ་ཟད། ས་མཐོར་གསོ་རླུང་དཀོན་པའི་གནད་དོན་ཞི་ལྷོད་དུ་འགྲོ་ངེས་རེད་སྙམ་སྟེ་དེ་ནས་བཟུང་ཁོར་ཡུག་མཛེས་སུ་གཏོང་རྒྱུ་དེ་གྲོང་ཚོའི་དོན་ཆེན་ཞིག་ཏུ་གྱུར་བ་རེད།

    དངོས་ཟོག་དཀོན་པའི་དུས་རབས་སུ་སྡོང་ཕྲུག་གང་ནས་བྱུང་བ་ཡིན་ནམ།

    པད་མ་ཚེ་བརྟན་ནི་ཆུ་གསུམ་བ་ས་སྐྱེས་རྡོ་སྐྱེས་ཤིག་རེད། ཆུ་གསུམ་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པའི་ངོས་ནས། ཁོང་གིས་གསར་འགོད་པར། ཤིང་འདེབས་ཆེད་གྲོང་མི་ཚོས་ཐབས་ཤེས་མང་པོ་ཞིག་བཙལ་ཡོད། གྲོང་མིས་རྒྱ་ལྕང་གི་ཡལ་ག་བྲེགས་ནས་ཆུར་ཉིན་7སྦངས་རྗེས་སླར་ཡང་ས་སྟེང་དུ་འདེབས་པ་དང་ཆུ་ཁུངས་ཡག་པའི་ས་ཆར་ཚང་མ་སྐྱེ་ཐུབ་ཀྱི་ཡོད། ད་ཆ་ལོ་ལྟར་རྫོང་གིས་སྡོང་ཕྲུག་སྤྲོད་ཀྱི་ཡོད་པ་དང་སྡོང་ཕྲུག་དེ་དག་གསོན་ཚད་མཐོ་པོ་ཡོད། “ད་ལྟ་ཁྱེད་ཚོས་ལམ་བར་དུ་མཐོང་བའི་ནགས་ཚལ་དེ་དག་ལ་རྒྱ་ཁྱོན་མུའུ་2019.4ཟིན་པ་དང་། དེ་ནི་ང་ཚོ་གདོང་མཁར་གྲོང་ཚོའི‘རང་བྱུང་གི་གསོ་རླུང་ཁང’རེད”ཅེས་བཤད།

    གདོང་མཁར་གྲོང་ཚོའི་མཁའ་རླུང་གཙང་ལ་གསོ་རླུང་འདང་ངེས་ཡོད་པ་དང་རྐྱལ་བ་ཞོལ་འདམ་རའི་བྱས་རྗེས་སུབ་ཐབས་མེད་པ་ཞིག་ཡིན་པས། མི་རྣམས་ཀྱིས་རྐྱལ་བ་ཞོལ་འདམ་རའི་གླིང་ཁ་ཞེས་འབོད་རྒྱུར་གོམས་གཤིས་འཇགས་ཡོད། ཞིང་དལ་སྐབས་མི་རྣམས་དེ་གར་སྤྲོ་གསེང་རོལ་རྩེད་ལ་འགྲོ་བར་དགའ་པོ་ཡོད་པ་དང་འདམ་རའི་མཐའ་འཁོར་དུ་སྔོ་ལྗང་ལྗོན་ཤིང་གིས་བསྐོར་བ་དང་། འདམ་རའི་ནང་ཆུ་མིག་དལ་བུར་རྒྱུག་པ། རྒྱང་རིང་དུ་རྟ་ཕོས་བག་ཕེབས་ངང་རྩྭ་ཆུར་རོལ་བ་བཅས་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ལྟར་སྣང་།

    ཤེས་དཔལ་གྱི་སྲོལ་གསར་བཏོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་པ་གསར་པ་ཞིག་བྱེད་པ།

    བློ་བཟང་འཇམ་དཔལ་གྱིས་གསར་འགོད་པར། ད་ལྟ་ཚང་མའི་འཚོ་བའི་ཆུ་ཚད་མཐོ་རུ་སོང་བ་དང་སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད། མིག་སྔར་གདོང་མཁར་གྲོང་ཚོའི་རང་བྱུང་ཚོགས་ཆུང་ཁག་ཚང་མར་ལམ་དང་། གློག སྦྲག་སྲིད། ཁ་པར། རླུང་འཕྲིན། ཆུ་བཅས་ཤར་གཏོང་ཐུབ་པ་དང་། གྲོང་ཚོ་ཨུ་ལྷན་གྱི་འགྲོ་ལམ་འཛུགས་སྐྲུན་དང་གྲོང་ཚོ་རིམ་པའི་བྱེད་སྒོ་ཁང་སོགས་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱུང་བ། གྲོང་མི་དུད་ཚང་183ཚང་མ་རྒྱ་ཆེ་ཞིང་སྐྱིད་སྣང་དོད་པའི་བདེ་སྡོད་ཁང་པར་སྡོད་རྒྱུ་བྱུང་བས་མང་ཚོགས་དབུལ་པོའི་སྡོད་གནས་ཆ་རྐྱེན་ལེགས་སུ་ནུས་ལྡན་ཕྱིན་ཡོད་ཅེས་བཤད།

    གདོང་མཁར་གྲོང་ཚོའི་བཞོན་མ་གསོ་སྤེལ་རྟེན་གཞི་2009ལོར་བསྐྲུན་པ་དང་ཆབས་ཅིག་གཉེར་སྐྱོང་བྱེད་འགོ་ཚུགས་ནས་གསོ་སྤེལ་ལས་རིགས་དང་ལས་སྣོན་ལས་རིགས་ཟུང་འབྲེལ་བྱས་ཏེ་འོ་མ་ཇ་བསྲུབས་མར་ལས་སྣོན་བྱས་ཏེ་བཙོངས་པར་2016ལོར་ཡོང་འབབ་སྒོར་ཁྲི་9བྱུང་སྟེ་གྲོང་མི་ཚོར་ཕྱུག་འགྱུར་གྱི་རེ་བ་མཐོང་བ་དང་ཕྱུག་འགྱུར་དབུལ་སྒྲོལ་གྱི་ཧུར་སེམས་ཆེ་རུ་ཕྱིན་ནས་ཞིང་ལས་དང་། གླ་པ་རྒྱུག་པ། ཁེར་རྐྱང་གཉེར་སྐྱོང་སོགས་ལས་དེང་གི་གདོང་མཁར་བའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་རེད།

    2012ལོར་གདོང་མཁར་གྲོང་ཚོ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོར་བདམས་པ་རེད། སྣོད་བཅུད་གྲོང་ཚོ་གཏོད་པའི་ལས་དོན་བརྒྱུད་གདོང་མཁར་བའི་བསམ་བློའི་ལྟ་བར་འགྱུར་ལྡོག་ཆེན་པོ་བྱུང་ནས་དེང་རབས་ཀྱི་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་རིམ་བཞིན་མང་ཚོགས་ཚོས་དང་ལེན་ཐུབ་ཡོད་པ་རེད།

    བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ་བ།

    མི་ཚང་མས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་ཀྱི་ཡོད། བསོད་ནམས་ཆོས་འཕེལ་ནི་གདོང་མཁར་གྲོང་ཚོའི་ཚོགས་ཆུང་གསུམ་པའི་གྲོང་མི་ཡིན་པ་དང་། ཁྱིམ་ལ་མི་6ཡོད། དེ་སྔོན་སྐྱས་སྤོའི་འཚོ་བ་སྐྱེལ་གྱི་ཡོད་པས་ཚ་མོ་སློབ་གྲྭར་སྐྱོད་སྐབས་རི་བོ་ཞིག་བརྒལ་ན་གཞི་ནས་སློབ་གྲྭར་སླེབས་ཀྱི་ཡོད། གངས་ཆར་བབས་པའི་གནམ་གཤིས་དང་འཕྲད་ཚེ་གཤམ་གཤིས་གྲང་ལ་ལམ་ངོས་འདྲེད་བརྡར་ཤོར་ནས་སྐྱོད་དཀའ། གྲོང་ཚོར་བྱུང་བའི་འགྱུར་ལྡོག་མཐོང་སྐབས་ཁོང་རི་གྲོང་ནས་སྤོ་བའི་བསམ་བློ་འཁོར། 2017ལོར་བསོད་ནམས་ཆོས་འཕེལ་གྱིས་ནང་མི་རྣམས་ཁྲིད་དེ་གྲོང་ཚོར་སྤོས་ནས་བདེ་བདེ་ལྷོད་ལྷོད་ཀྱི་གཏན་འཇགས་ཀྱི་འཚོ་བ་ཞིག་བསྐྱལ་ཡོད།

    གནས་སྤོས་དུད་ཚང་ཞིག་ལ་མཚོན་ན་བསོད་ནམས་ཆོས་འཕེལ་གྱི་ནང་མི་རྣམས་རྒྱ་ཆེ་ཞིང་སྐྱིད་སྣང་དོད་པའི་བདེ་སྡོད་ཁང་པར་སྤོས་པ་དང་། ཁང་པ་གསར་པ་བརྒྱབ་པར་ཁྱོན་སྒོར་ཁྲི་20ལྷག་ཙམ་བཏང་ཡོད། འོན་ཀྱང་རང་ཉིད་ནས་སྒོར་ཁྲི་1ལྷག་ཙམ་ལས་གཏོང་མི་དགོས་པར་ལྷག་མ་རྣམས་སྲིད་གཞུང་གིས་བཏང་བ་རེད། རི་གྲོང་ནས་སྤོས་རྗེས་བསོད་ནམས་ཆོས་འཕེལ་གྱི་བུ་རྒན་པ་བཀྲ་ཤིས་ཆོས་འཕེལ་གྱིས་ལས་གྲྭ་ཆུང་ངུ་འགན་གཙང་བླངས་པས་ལོ་གཅིག་ལ་ཡོང་འབབ་མང་པོ་བྱུང་བ་དང་བུ་ཆུང་བ་ནག་ཆུ་ཁྲིམས་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པ་རེད།

    ད་ལྟ་གདོང་མཁར་གྲོང་ཚོ་མིང་དོན་མཚུངས་པའི་དབེན་པའི་སྐྱེད་ཚལ་ཞིག་ཏུ་གྱུར་ནས་ཆུ་ཁུངས་ལྟ་སྐྱོང་བ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བ། ནགས་སྲུང་བ། ལམ་སྲུང་བ། གཙང་སྦྲ་བ། རྩྭ་ར་ལྟ་སྐྱོང་བ། བྱེ་འགྱུར་ས་ཆའི་དོ་དམ་པ་བཅས་ནི་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་ཞིག་དང་འདྲ་བར་དེ་གར་ལྟ་སྐྱོང་བྱེད་བཞིན་ཡོད་པ་དང་། དེ་གའི་རི་ཆུ་དང་རྩྭ་རྩི་ཤིང་ཚང་མ་ལྟ་སྐྱོང་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།