[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ​ དངུལ་པར་གྲོང་ཚོས་སྣོད་བཅུད་སྲུང་སྐྱོང་བྱས་ཏེ་ཕྱུག་འགྱུར་ལམ་གསར་བཏོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-05

    ལྷ་ས་གྲོང་ཁྱེར་བྱང་འདབས་ཀྱི་དོག་སྡེ་ལུང་ཤུར་ནས་གྲོང་ཁྱེར་གྱི་ལྟེ་བར་སྤྱི་ལེ་7ཙམ་ཡོད། ཡུལ་ལྗོངས་ལྟ་ན་སྡུག་པ་དང་གནམ་གཤིས་དྲོད་གཤེར་ཆེ་བའི་ལུང་ཤུར་དེར་སྐྱོད་སྐབས། དོག་སྡེ་ཤང་དངུལ་པར་གྲོང་ཚོའི་གཡས་གཡོན་གཉིས་སུ་རི་སྐྱེས་མེ་ཏོག་ལྷུག་པོར་བཞད་ཅིང་། ནོར་ལུག་ཁྱུ་དང་ཁྱུ་མཐོང་རྒྱུ་འདུག

    དངུལ་པར་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་གྱི་ཞིང་ནང་སྤྲོ་གསེང་དང་། ཤིང་འབྲས་དང་སྔོ་ཚལ་འཐུ་བ། ལག་ཤེས་བཟོ་རྩལ་བཅས་གཞི་གཅིག་ཏུ་འདུས་པའི་གནའ་ཉམས་དོད་པའི་དམངས་སྲོལ་གྲོང་ཚོ་གཅིག་པུ་དེ་རེད།

    ཁོར་ཡུག་སྲུང་སྐྱོང་བྱས་པས་ཕན་འབྲས་བཟང་པོ་ཐོན་པ།

    དངུལ་པར་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཁ་གཏད་དབུལ་སྐྱོར་གྲོང་ཚོ་ཡིན་ཞིང་། གྲོང་མིའི་དཀའ་ངལ་དངོས་ཐག་གཅོད་རོགས་བྱ་ཆེད། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་གྲོང་ཚོར་བརྟག་ཞིབ་བྱེད་སྐབས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་ཤེས་རྟོགས་ཐུབ་ནས། དངུལ་པར་གྲོང་ཚོ་ཁྱད་ལྡན་ཡུལ་སྐོར་གྲོང་གསེབ་ཀྱི་ཁོངས་སུ་འཇུག་རྒྱུའི་གཏན་འཁེལ་བྱས་པ་རེད།

    དམིགས་ཡུལ་དེ་ལེགས་འགྲུབ་བྱ་ཆེད་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་མང་ཚོགས་ཁག་གཅིག་ཆེད་མངགས་ནང་སའི“ཞིང་ཁྱིམ་སྤྲོ་སྐྱིད་ཁང”དུ་ཉམས་མྱོང་སློབ་སྦྱོང་བྱེད་པར་ཁྲིད་པ་རེད།

    ཐོག་སོ་གཉིས་ལྡན་ལ་སྒོ་ར་ཆེ་བའི་དངུལ་པར་གྲོང་ཚོའི་གྲོང་མི་ཟླ་བའི་ཁྱིམ་ནི་དཔེ་མཚོན་རང་བཞིན་གྱི་བོད་ལུགས་ཁང་པ་ཞིག་རེད། 2013ལོ་ནས་བཟུང་། ཟླ་བའི་ཁྱིམ་གྱིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞིས་ཀ་དེར་ཡོང་མཁན་གྱི་ཡུལ་སྐོར་བ་ཚང་མས་བོད་མི་རིགས་ཀྱི་དམངས་སྲོལ་གོམས་གཤིས་ཉམས་ལེན་ཐུབ་ལ། བོད་རིགས་ཀྱི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་དང་བྲོ་བ་ཆེ་བའི་བོད་ཟས་མྱོང་རོལ་ཐུབ་པ་མ་ཟད། ད་དུང་ཉེ་འཁོར་གྱི་ཞིང་སྡེའི་མཛེས་ལྗོངས་ཀྱང་མྱོང་རོལ་ཐུབ་ཀྱི་ཡོད།

    ཤིང་འབྲས་ཆུང་ཆུང་ལས་ཐོན་ལེགས་ཆེན་པོ་བྱུང་བ།

    2015ལོར་མཚོ་སྔོན་ཧྲུའུ་མེའི་ཞིང་ལས་ཐོན་ལས་ཅན་ཚད་ཡོད་ཀུང་སིས་ལྷ་སའི་ལྷོ་རིར་ཤིང་འབྲས་ཧྲུའུ་མེའི་སྡོང་སོན་ཁྲི་3ཚོད་འདེབས་བྱས་པར་སྐྱེ་འཚར་ལེགས་པོ་བྱུང་ནས། ཤིང་འབྲས་ཧྲུའུ་མེ་བོད་དུ་འདེབས་ཆོག་པ་ར་འཕྲོད་ཐུབ་པ་རེད།

    ཕྱི་ལོའི་ཟླ་བ་གཉིས་པར། བོད་ལྗོངས་ཧྲུའུ་མེ་ཞིང་ལས་ཐོན་ལས་ཅན་ཚད་ཡོད་ཀུང་སི་བཙུགས་པ་དང་སྤྱི་ཁྱབ་པུའུ་དོག་སྡེ་ཤང་དངུལ་པར་གྲོང་ཚོར་བཙུགས་པ་རེད།

    ཤིང་འབྲས་ཧྲུའུ་མེའི་ཡི་སྡོང་སོན་འདེབས་འཛུགས་ལེགས་གྲུབ་བྱུང་རྗེས་ཀུང་སིས་གྲོང་མིར་རྩྭ་ངན་འཐུ་བ་དང་། ཆུ་འདྲེན་པ། དོ་དམ་སོགས་ཀྱི་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་དོག་སྡེ་ཤང་གི་ཤིང་འབྲས་ཧྲུའུ་མེའི་འདེབས་ཁྱོན་མུའུ་1200ཟིན་པ་དང་། རིམ་རྩིས་ལྟར་ན་ལོ་ལྟར་ལས་ཀ་བྱེད་མཁན་མི་གྲངས་མི་ཐེངས་500ལྷག་ཙམ་ཟིན་ཡོད། 2017ལོ་ཁོ་ནར། ཤིང་འབྲས་ཧྲུའུ་མེ་ཐོན་ལས་གླིང་གི་ཁེ་སྤོགས་སྒོར་ཁྲི་500ཟིན་ཡོད་པ་རེད།

    གྲོང་གསེབ་ཡུལ་སྐོར་ལས་ཕྱུག་པོ་ཆགས་ལ་ཁོར་ཡུག་སྲུང་སྐྱོང་ཡང་ཐུབ་པ།

    2011ལོར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་བོད་ལྗོངས་སློབ་ཆེན་དང་པེ་ཅིང་ས་གཞི་ཆེ་མོའི་མཛེས་ལྗོངས་ཇུས་འགོད་སློབ་གླིང་ལ་དོག་སྡེ་ཤང་གི་ཡུལ་སྐོར་གསར་སྤེལ་རྣམ་གྲངས་འཆར་འགོད་བྱེད་རྒྱུའི་མངགས་བཅོལ་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་རྣམ་གྲངས་མ་དངུལ་སྒོར་ཁྲི་100ལྷག་ཙམ་བརྩོན་ལེན་བྱས་ཏེ་དངུལ་པར་གྲོང་ཚོར་མུའུ་10ལྷག་ཙམ་ཟིན་པའི་སྤྲོ་གསེང་གྲོང་ཚོ་བསྐྲུན་པའི་ནང་། རླངས་འཁོར་འཇོག་ཡུལ་དང་ཡུལ་སྐོར་ཆེད་སྤྱོད་གསང་སྤྱོད་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ཡོད་པ་དང་། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་རེད།

    ཉེ་བའི་ལོ་ཤས་རིང་། དོག་སྡེ་ཤང་གིས་འགྲིམ་འགྲུལ་སྟབས་བདེ་བའི་གྱི་ལེགས་ཆ་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཞིང་། དངུལ་པར་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ལས་དོན་རུ་ཁག་གིས་གྲོང་ཚོར་ཚ་ཚ་རྟེན་རྫས་རིག་གནས་འགྲེམས་སྟོན་ཁང་དང་ཡུལ་སྐོར་སྤྲོ་གསེང་ལྟ་སྐོར་གླིང་སོགས་ཀྱི་རྣམ་གྲངས་བསྐྲུན་རོགས་བྱས་པ་རེད།

    དངུལ་པར་གྲོང་ཚོའི་གྲོང་མི་བདེ་སྐྱིད་ཀྱིས་ཀྱང་རང་ཁྱིམ་གྱི་སྒོ་ར་དམངས་སྲོལ་ཞག་སྡོད་ཁང་དུ་སྒྱུར་བཀོད་བྱས་ནས་བཟའ་བཏུང་དང་ཞག་སྡོད་མཁོ་འདོན་བྱེད་པ་ཕུད། ད་དུང་ཡུལ་སྐོར་བ་ཚོར་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་ཀྱང་བྱེད་ཀྱི་ཡོད་པ་རེད། བསྡོམས་རྩིས་རགས་ཙམ་ལ་གཞིགས་ན། 2018ལོར་བདེ་སྐྱིད་ཀྱི་ཁྱིམ་གྱིས་ཡུལ་སྐོར་བ་མི་800ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། འབབ་འཕར་སྒོར་ཁྲི་ལྔ་དྲུག་བྱུང་ཞིང་། གྲོང་གསེབ་ཡུལ་སྐོར་གྲོང་མིའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་པ་རེད། (དཀོན་མཆོག་སྒྲོལ་མས་བསྒྱུར། པ་ཚེས་ཞུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།