[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • དྭངས་ཤིང་གཙང་བའི་རི་ཆུའི་དགའ་ཚལ་བསྐྲུན།

    ལྷ་ས་གྲོང་ཁྱེར་གྱིས་སྣོད་བཅུད་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    ཉེ་བའི་ལོའི་ནང་། ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་པ་དང་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་པས་གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ་དྭངས་ཤིང་གཙང་བའི་རི་ཆུའི་དགའ་ཚལ་བསྐྲུན་པ་རེད།

    ཆུ་ཤུར་རྫོང་གི་གྲོང་ཚོ་ཆེ་ཆུང་ཁག་ཏུ་སྐྱོད་སྐབས“གྲོང་ཚོ་རེར་གླིང་ཁ་རེ་ཡོད་པའི”མཛེས་སྡུག་ལྡན་པའི་རྣམ་པ་མིག་ལམ་དུ་འཆར་བ་དང་དེ་སྔའི“བཙོག་ཟིང་ཞན”གྱི་རྣམ་པ་ད་ཆ་སྤྱིར་ན་མཐོང་རྒྱུ་མེད། གྲོང་ཚོ་བཀོད་གཙང་ནས་སྣོད་བཅུད་སྡོད་མལ་དུ་གྱུར་ཅིང་། ད་ཆ་ཆུ་ཤུར་རྫོང་གི་གྲོང་ཚོ་ཁག་སྣོད་བཅུད་མཛེས་པ་དང་། ཁོར་ཡུག་ལེགས་པ། འཚོ་བ་ལེགས་པ། ཁྱིམ་གཞིས་ལེགས་པ་བཅས་ཡོད་པ་རེད།

    སྣོད་བཅུད་ནི་དམངས་འཚོ་ཡིན་པ་དང་ཁོར་ཡུག་ནི་བདེ་སྐྱིད་དང་འབྲེལ་བ་ཡོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད། ལྷ་ས་གྲོང་ཁྱེར་གྱིས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་པ་དང་། དུས་ཐོག་ཏུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་བཙུགས་པ། སྣོད་བཅུད་ཤེས་དཔལ་ལས་དོན་གྱི་ཆེད་ཚན་བཙུགས་པ་བཅས་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་ལས་དོན་ལ་མཉམ་དུ་སྐུལ་འདེད་བཏང་བ་དང་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་བཀོད་སྒྲིག་ལ་དམིགས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལས་འགན་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    ལྷ་ཀླུ་འདམ་རའི་དུས་ཁག་གསུམ་པའི་སྲུང་སྐྱོང་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་བྱུང་ནས་ལས་གྲྭའི་གཞི་རྩའི་འཛུགས་སྐྲུན་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་ཏེ། སྤྱི་ལེ་13.8ཡི་སྐོར་སྲུང་རྐང་ལམ་བསྐྲུན་པ་དང་། སྲུང་སྐྱོང་ཁུལ་ནང་གི་གད་སྙིགས་གཙང་སེལ་དང་། གྲོང་མི་གནས་སྤོས། མཛོད་ཁང་བཤིག་སྤོ་སོགས་ཀྱི་ལས་འགན་ཚང་མ་ལེགས་གྲུབ་ཟིན་པ། སྲུང་སྐྱོང་ཁུལ་གྱི་ལྡིར་སོ་སྤྲོས་ཆས་རྣམ་གྲངས་ཀྱི་གློག་སྐུད་ཁྲིད་པའི་རྣམ་གྲངས་ཁག་གཅིག་ད་ཆ་ལག་བསྟར་བྱེད་འགོ་ཚུགས་ཡོད།

    རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་སྔོན་གཏན་འཁེལ་བའི་དམིགས་ཚད་ལེགས་གྲུབ་ཟིན་ནས་ལོ་འཁོར་མོར་སྔོ་འགྱུར་ནགས་བཟོ་མུའུ་ཁྲི་12.06བྱས་པའི་ནང་རྒྱལ་ཁབ་ས་ཆ་མུའུ་ཁྲི་11.56སྔོ་འགྱུར་བྱས་པ་དང་། གྲོང་སྐོར(ལྷོ་བྱང་རིའི་སྔོ་འགྱུར་ཚུད་ཡོད)སྔོ་འགྱུར་མུའུ་5051.5ལེགས་སྒྲུབ་བྱས་ཡོད། ས་བབ་མཐོ་ཚད་སྨི་4300མན་གྱི“ལྗོན་ཤིང་མེད་པའི་གྲོང་ཚོ”(ལྷུན་གྲུབ་རྫོང་ངར་ནང་ཤང་ལྷ་ཁང་གྲོང་ཚོ་དང་། རྔ་འབོ་གྲོང་ཚོ། ཀ་ལེབ་གྲོང་ཚོ། འབུར་སྒང་གྲོང་ཚོ)དང“ལྗོན་ཤིང་མེད་པའི་དུད་ཚང”(དུད་ཚང་18679)ལྗོན་ཤིང་ཡོད་པར་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད།

    གཙང་ཆུ་དྭངས་མོ་དང་། མཁའ་རླུང་གཙང་མ། ས་རྒྱུ་ཡག་པོ་སོགས་སྣོད་བཅུད་ཁོར་ཡུག་དེ་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། ལོ་གཅིག་རིང་། ལྷ་ས་གྲོང་ཁྱེར་གྱི་ཆུའི་སྦགས་བཙོག་འགོག་བཅོས་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། 《ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུན་བཅོས་སྐྱོང་དང་སྣོད་བཅུད་སླར་གསོའི་འཆར་འགོད》ལ་ཆོག་མཆན་ཐོབ་ནས་ལག་བསྟར་བྱས་པ་རེད། དཔལ་སྡིངས་ཡུག་ཁུལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་རྣམ་གྲངས་གཙོ་བོ་ལས་མཇུག་འགྲིལ་བ་དང་། གཞི་རྩའི་ཆར་སྒྲིག་ཆས་སྒྲིག་སྦྱོར་ལས་དོན་གྲུབ་ནས་ཆུ་ཤར་གཏོང་ཆོག་པའི་ཆ་རྐྱེན་འཛོམས་ཡོད། སྟག་རྩེ་ཆུས་ཀྱི་རྫོང་གྲོང་བཙོག་ཆུ་གཙང་གསིང་བཟོ་གྲྭའི་འཛུགས་སྐྲུན་གཙོ་བོ་དང་བཟོ་རྩལ་ཚོད་ལྟ་ལས་དོན་གྲུབ་ནས་ཁོར་ཡུག་སྲུང་སྐྱོང་གི་ཞིབ་བཤེར་རྩིས་ལེན་བྱེད་བཞིན་ཡོད་ཅིང་། ཆུ་ཤུར་རྫོང་དང་། འདམ་གཞུང་རྫོང་། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་། ལྷུན་གྲུབ་རྫོང་བཅས་ཀྱི་རྫོང་གྲོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་འཛུགས་སྐྲུན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད། “ཡུར་གསུམ་གཙང་གཅིག”སྦགས་བཙོག་འགོག་པའི་ལས་གྲྭ་དང། “གླིང་ཕྲན་གཉིས”ཀྱི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ ལྷ་ཀླུ་འདམ་རའི་བྱང་ངོགས་ཀྱི་སྦགས་བཙོག་འགོག་པའི་ལས་གྲྭ་བཅས་སྤྱིར་ན་གྲུབ་པ་རེད།

    གད་སྙིགས་རིགས་དབྱེ་གཙང་སེལ་གྱི་ཚོད་ལྟར་སྐུལ་འདེད་བརྟན་པོ་བཏང་ཞིང་། གྲོང་ཁྱེར་སྲིད་གཞུང་གིས《ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་བསྡུ་རུབ་དང་གཙང་སེལ་ཚོད་ལྟའི་ལས་དོན་གྱི་ལག་བསྟར་ཇུས་གཞིར》ཆོག་མཆན་བཀོད་པ་དང་། མ་དངུལ་སྒོར་200ལྷག་བཏང་ནས་འཚོ་བའི་གད་སྙིགས་རིགས་དབྱེའི་སྒྲིག་ཆས་དང་བསྡུ་རུབ་རླངས་འཁོར་ཉོས་ཁར་གད་སྙིགས་རིགས་དབྱེ་སྒྲིག་ཆས་263བསྒར་ནས་ཚོད་ལྟ་བྱས་ཤིང་། ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་དོན་གཅོད་ཁང་དང་འདམ་གཞུང་རྫོང་འདམ་ཆུ་ཁ་གྲོང་རྡལ་སྒྲིག་འཛུགས་བྱས་ཏེ་འཚོ་བའི་གད་སྙིགས་རིགས་དབྱེའི་ཚོད་ལྟ་བྱས་པ་རེད།

    སྟོད་ལུང་བདེ་ཆེན་ཆུས་ཀྱིས་མ་དངུལ་སྒོར་ཁྲི་65རང་གྲབས་བྱས་ནས་དམར་ཤང་དུ“དུད་ཚང་གིས་གད་སྙིགས་རིགས་དབྱེ་བསྡུ་རུབ་དང་། གྲོང་ཚོས་ཚོང་ཟོག་དང་བརྗེ་པོ་རྒྱག་པ། ཤང་གིས་བརྒྱུད་སྐྱེལ”བཅས་གད་སྙིགས་བརྗེ་སྒྱུར་སྒོ་རྩིས་ཚོང་ཁང་གི་རིན་ཡོད་ཕྱིར་བསྡུ་བྱེད་སྟངས་འཚོལ་ཞིབ་དང་སྐུལ་འདེད་ཧུར་ཐག་བཏང་བ་རེད། མིག་སྔའི་བར། དམར་གྲོང་ཚོ་དང་མཚོ་སྨད་གྲོང་ཚོའི་ཚོད་ལྟ་གྲོང་ཚོ་གཉིས་ཀྱི་སྒོ་རྩིས་ཚོང་ཁང་དུ་ཚུར་བསྡུ་རུང་བའི་གད་སྙིགས་སྤྱི་རྒྱ་1.1བསྡུས་པ་དང“རིམ་བསགས་སྡེབ་ལེན”གྱི་བྱེད་ཐབས་ལ་བརྟེན་ནས་ཚོང་ཟོག་སྒོར་6995རི་བ་དང་བརྗེ་རེས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།