[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • གཙོད་ཁྱུས་སྤྱི་ལེ་400ཙམ་གནས་སྤོས་ནས་གཙོད་ཕྲུག་བཙའ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

     ཉིན་ཤས་རིང་། མི་མང་པོའི་གྲོགས་ཚོམ་དུ་གཙོད་མང་པོའི་པར་གྱིས་ཁེངས་ཡོད་པ་རེད། གཙོད་མང་པོའི་པར་མཐོང་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན་ནས། གཙོད་ཀྱི་གྲངས་འབོར་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་སྐབས་ཀྱི་ཁྲི་6ལྷག་ཙམ་ནས་ད་ལྟའི་ཁྲི་20ལྷག་ཙམ་བར་འཕར་བས་རེད། གཞན་ཡང་། མི་རྣམས་ཀྱི་སྲུང་སྐྱོང་གི་འདུ་ཤེས་ཀྱང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པར་ཡང་རག་ལས་པ་རེད། ལོ་རེའི་སྐབས་འདིར། ནགས་ལས་སོགས་སྡེ་ཚན་གྱིས་གཙོད་ཁྱུ་གནས་སྤོ་བྱེད་པར་ཆེད་མངགས་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།

    ལོ་རེའི་ཟླ་བཅུ་པའི་ཟླ་མཇུག་ནས་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་བར་ནི་གཙོད་འཁྲིག་སྦྱོར་གྱི་དུས་སྐབས་ཡིན་ལ། ལོ་རྗེས་མའི་ཟླ་ལྔ་པ་ནས་བཟུང་གཅིག་རྗེས་གཉིས་མཐུད་དུ་གནས་སྤོས་ནས་གཙོད་ཕྲུག་བཙའ་བ་རེད། ཆེད་ལས་མི་སྣས་བརྗོད་པ་ལྟར་ན། དེའི་གོང་གི་ཟླ་བ་གཅིག་རིང་། གཙོད་མང་པོ་འདུ་འཛོམས་བྱེད་ཀྱི་ཡོད་ལ། འདུ་འཛོམས་བྱས་རྗེས་དགུན་ཁའི་འཁྲིག་སྦྱོར་བྱ་ཡུལ་ནས་དབྱར་ཁའི་གཙོད་ཕྲུག་སྐྱེས་ཡུལ་དུ་སྤོ་གི་ཡོད་ལ། དེའི་རིང་ཧ་ལམ་ཟླ་བ་གཅིག་ཙམ་འགོར་གྱི་ཡོད་པ་སྟེ། གཙོད་ཁྱུ་གནས་སྤོའི་དུས་ཚོད་ནི་ལོ་རེའི་ཟླ་བཞི་པའི་ཟླ་དཀྱིལ་ནས་ཟླ་བདུན་པའི་བར་ཡིན་པ་རེད།

    མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། བོད་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་གཙོད་ཀྱི་ཁྱིམ་གཞིས་ཡིན་ཞིང་། བྱང་ཐང་ནི་ཡངས་ཤིང་རྒྱ་ཆེ་བས་གཙོད་ཀྱི་གནས་སྤོས་ལམ་ཐིག་ཀྱང་མི་འདྲ་བ་མང་པོ་ཡོད། དེར་བརྟེན་མི་ཚོས་ས་ཁོངས་ཀྱི་ཆ་ནས་བྱང་ཐང་ལྷོ་རྒྱུད་ཀྱི་གཙོད་དང་བྱང་རྒྱུད་ཀྱི་གཙོད་གཉིས་སུ་དབྱེ་སྲོལ་ཡོད། དུས་ཚིགས་འདིར་སྤྱིའི་ཆ་ནས་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་གནས་སྤོ་བྱེད་ཀྱི་ཡོད་མོད། ཡིན་ན་ཡང་། བོད་ནང་ཁུལ་གྱི་གཙོད་ཤིན་ཅང་དང་མཚོ་སྔོན་དུ་གནས་སྤོ་བ་ཡང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    གཙོད་ཁྱུ་ཅིའི་ཕྱིར་གནས་སྤོ་བྱེད་ཀྱི་ཡོད་དམ་ཅེ་ན་མིག་སྔའི་བར་ཚིག་ཐག་ཆོད་པ་ཞིག་སུས་ཀྱང་བརྗོད་ཐུབ་མེད། དེས་མ་ཟད་གནས་སྤོའི་ལམ་ཐིག་ཐད་ཀྱང་གནད་ལ་འཁེལ་བ་ཞིག་སུས་ཀྱང་བརྗོད་ཐུབ་མེད། ཡིན་ན་ཡང་། མིག་སྔའི་གནས་ཚུལ་ལ་བལྟས་ན། བྱང་ཐང་ལྷོ་བྱང་གི་གཙོད་ཁྱུའི་གནས་སྤོ་ཐད་ཁྱད་པར་མངོན་གསལ་དོད་པོ་ཡོད་དེ། བྱང་ཐང་བྱང་རྒྱུད་ཀྱི་གཙོད་ཁྱུའི་གནས་སྤོའི་ལམ་ཐིག་སྤྱི་ལེ་300ནས་400བར་ཡིན་པ་དང་། བྱང་ཐང་ལྷོ་རྒྱུད་ཀྱི་གཙོད་ཁྱུའི་གནས་སྤོའི་ལམ་ཐིག་སྤྱི་ལེ་100ཡས་མས་ལས་མེད་པ་རེད།

    དུས་ཚིགས་འདིར་གནས་སྤོ་བྱེད་མཁན་ནི་གཙོད་ཕྲུག་སྐྱེ་རྒྱུ་ཡོད་པའི་གཙོད་མོ་ཡིན་པས། ཉིན་རེར་སྤྱི་ལེ་10ནས་20ལས་སྐྱོད་ཐུབ་ཀྱི་མེད། “ཉིན་རེའི་གནས་སྤོའི་ལམ་ཐག་དེ་ལམ་རྒྱུད་ཀྱི་རྩྭ་ཆུ་དང་འབྲེལ་བ་ཡོད། གལ་སྲིད་ལམ་རྒྱུད་དུ་རྩྭ་ཆུ་བཟང་པོ་ཡོད་ཚེ་གཙོད་ཁྱུ་ཉིན་ཁ་ཤས་དེ་གར་སྡོད་ཀྱི་ཡོད་པ་དང་། གལ་སྲིད་རྩྭ་ཆུ་བཟང་པོ་མེད་ཚེ་མུ་མཐུད་མདུན་དུ་སྐྱོད་ཀྱི་ཡོད”ཅེས་མངའ་རིས་ས་ཁུལ་ནགས་ལས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།

    “ལམ་ཐག་རིང་བའི་གཙོད་ཁྱུས་བལྟོས་བཅས་ཀྱིས་ཅུང་སྔ་ཙམ་ནས་གནས་སྤོ་བྱེད་ཀྱི་ཡོད། མིག་སྔའི་གནས་ཚུལ་ལ་བལྟས་ན། འདི་ལོའི་གནས་སྤོ་བྱེད་པའི་གཙོད་མང་ཆེ་བ་ད་དུང་ལམ་བར་དུ་ཡོད་ལ། སྤུ་ཧྲེང་རྫོང་ཁོངས་ཀྱི་གཙོད་ཕྲུག་སྐྱེས་ཡུལ་དུ་བསླེབས་པའི་གཙོད་200ལས་མེད། གཙོད་ཕྲུག་ཚང་མ་ང་ཚོས་ནམ་རྒྱུན་བཤད་པའི‘གཙོད་ཕྲུག་སྐྱེས་ཁང’དུ་བསླེབས་རྗེས་སྐྱེས་པ་མ་ཡིན་པར་ལམ་བར་དུ་སྐྱེས་ནས་མཐར་གཙོད་ཁྱུའི་རྗེས་སྙེགས་པ་ཡང་ཡོད”ཅེས་མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་གསར་འགོད་པར་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།