[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • “སའི་གོ་ལའི་ཡང་རྩེའི”ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ།

    བོད་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-29

    མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་ནི་སྣོད་བཅུད་དང་། འགན་འཁྲི་ཆེ་ཤོས་ནི་སྣོད་བཅུད། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ནི་སྣོད་བཅུད་བཅས་ལ་རག་ལས་ཡོད། བོད་ཀྱིས་ཉེ་བའི་ལོ་ཤས་རིང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དེ་བས་མཐོང་ཆེན་བྱས་ཏེ་ཕྱོགས་བསྡུས་བྱ་ཐབས་སྤྱད་ནས་སྔོ་ལྗང་རི་ཆུར་སྲུང་སྐྱོང་དང་། སྣོད་བཅུད་ཉམས་ཞན་གྱི་ས་མཐོ་སྣོད་བཅུད་ཤེས་དཔལ་གྱི་མཐོ་སར་སྲུང་སྐྱོང་གིས་བསྐྲུན་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཞིག་རིམ་བཞིན་བརྟན་པོ་བསྐྲུན་ཡོད།

    ལྗོན་ཤིང་རི་གཤམ་ནས་རི་འདབས་བར་བཏབ་པ།

    “རྩྭ་མ་གཏོགས་ལྗོན་ཤིང་མི་སྐྱེ། རླུང་ལྡང་ན་བྱེ་རྡུལ་ལངས”ཞེས་གྲོང་མིས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཚ་ཆུ་ཤང་དགའ་ཐང་གྲོང་ཚོར་འདི་ལྟར་བརྗོད་ཀྱི་ཡོད། སྣེ་འཁྲིད་མཁན་མེད་པར་བརྟེན། ས་བབ་མཐོ་ཚད་སྨི་4000ཟིན་པའི་གྲོང་ཤུར་དུ་ལྗོན་ཤིང་འདེབས་རྒྱུར་འཚམ་པའི་ས་སྟོང་ཁག་གཅིག་དུས་ཡུན་རིང་པོ་ཐང་རྒོད་དུ་ལུས་ཡོད།

    དགའ་ཐང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་དོན་གྲུབ་ཀྱིས་2018ལོར་གྲོང་མི་སྐུལ་སློང་གིས་ས་ཁོད་སྙོམས་པ་དང་རྩྭ་རྩི་ཤིང་བཏབ་ཡོད།

    དགའ་ཐང་གྲོང་ཚོས་ལོ་གཉིས་རིང་སྡོང་ཕྲུག་རྐང་500ལྷག་ཙམ་བཏབ་ཅིང་། “ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ལེགས་པ་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་དགོས་ན། ཚ་ཆུ་ཤང་གིས་སླད་ཕྱིན་ད་དུང་ཡུལ་སྐོར་གསར་སྤེལ་བྱེད་དགོས། གྲོང་ཚོ་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ན་ཐང་རྒོད་ཀྱི་གྲོང་ཤུར་སྔོ་འགྱུར་ཡག་པོ་ཡོང་ངེས་རེད། ང་ཚོས་རྒྱལ་མོ་རྔུལ་ཆུའི་ངོགས་སུ་རྩྭ་རྩི་ཤིང་བཏབ་ནས་མཛེས་སྡུག་ལྡན་པའི་རང་བྱུང་གི་མཛེས་ལྗོངས་ཆགས་པ་བྱེད་ཀྱི་ཡིན”ཞེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།

    མངའ་རིས་ས་ཁུལ་སྒར་རྫོང་རྒྱ་སྨུག་གྲོང་ཚོའི་གྲོང་མི་ལྷག་པས“ལོ་གཉིས་རིང་ལྗོན་ཤིང་རི་གཤམ་གྱི་གཙང་འགྲམ་གྲོང་ཚོ་ནས་རི་འདབས་སུ་འདེབས་འགོ་ཚུགས་ཡོད། མྱོང་ཚོར་ཆེ་ཤོས་ཤིག་ནི་རྫོང་གྲོང་དང་གཞུང་ལམ་འགྲམ་གྱི་ཐལ་རྡུལ་ཉུང་དུ་ཕྱིན་འདུག”ཅེས་བཤད།

    ནགས་ཚལ་དང་རྩྭ་ཐང་སྲོག་ཆགས་ཀྱི་དགའ་ཚལ་དུ་གྱུར་པ།

    ཤན་རྩྭ་རྫོང་ནི་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་ཁུལ་གཙོ་བོ་ཞིག་ཡིན་པ་དང་། དེར་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གི་ལས་ཀའི་འགན་འཁྲི་ལྕི་ཙམ་ཡོད། ཤན་རྩྭ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་དགེ་ལེགས་རྒྱལ་མཚན་གྱིས“ང་ཚོས་རྫོང་ཡོངས་ཀྱི་རི་དྭགས་སྲུང་སྐྱོང་བ་42ལ་རང་སྒེར་གྱི་སྐོར་སྲུང་ཁྱབ་ཁོངས་དང་། ལམ་ཐིག གཙོ་གནད་བཅས་བཟོས་ཏེ་ཟླ་རེར་སྐོར་སྲུང་ཐེངས་3ལས་མི་ཉུང་བ་བྱེད་དགོས་པའི་རེ་བ་བཏོན་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་ལོ་རེ་བཞིན་མང་དུ་སོང་བ་དང་ལྷག་དོན་དུ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཅུང་མྱུར་པོ་འཕར་བཞིན་ཡོད”ཅེས་བཤད།

    གྲངས་གཞི་ལས་མངོན་པར། བོད་ཀྱི་གཙོད་ཀྱི་གྲངས་འབོར་དེ་སྔའི་ཁྲི་5ནས་མིག་སྔའི་ཁྲི་20ཡན་མང་དུ་སོང་བ་དང་། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་དེ་སྔའི་3000མ་ཟིན་པ་ནས་མིག་སྔའི་8000ཙམ་བར་འཕར་བ། འབྲོང་དང་། རྐྱང་། གཉན། གནའ་བ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སླར་གསོའི་རང་བཞིན་གྱིས་འཕར་ཚད་མངོན་གསལ་དོད་པོ་ཡོད་པ་རེད།

    སྣོད་བཅུད་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་གཏོང་བ།

    སྣོད་བཅུད་ཡུལ་སྐོར་ནི་བོད་ཀྱིས་ལྗང་མདོག་འཕེལ་རྒྱས་དང་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་བོད་ཀྱིས་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བས་ཐོན་ལས་ཀྱི་ཕན་འབྲས་ལོ་རེ་བཞིན་ཆེ་རུ་སོང་ཡོད། སྣོད་བཅུད་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ནས་བོད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ཐེབས་རྩ་སྒོར་དུང་ཕྱུར་20བཞག་ནས་ཐོན་ལས་སྣོད་བཅུད་ཅན་དང་སྣོད་བཅུད་ཐོན་ལས་ཅན་ལ་སྐུལ་འདེད་བཏང་བས་སྣོད་བཅུད་ཞིང་ལས་དང་། རང་བྱུང་འཐུང་ཆུ། སྣོད་བཅུད་ཡུལ་སྐོར་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཡར་ངོའི་ཟླ་ལྟར་གོང་འཕེལ་འགྲོ་བཞིན་ཡོད།

    མིག་སྔའི་བར། བོད་ལ་ཁྱོན་བསྡོམས་རང་བྱུང་འཐུང་ཆུའི་ཐོན་སྐྱེད་ཁེ་ལས་35(གཞི་ཁྱོན་ཆེ་བའི་ཁེ་ལས་6) ཡོད་པར་ཇུས་འགོད་བྱས་ན་ཐོན་སྐྱེད་བྱེད་ནུས་བསྡོམས་འབོར་ཏུན་ཁྲི་400ལྷག་ཙམ་ཟིན་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ལ་མི་ཆིག་ཁྲི་ཙམ་ཐད་ཀར་ལས་ཞུགས་ཐུབ་པ་དང་མི་ཁྲི་3ཙམ་ཞོར་དུ་ལས་ཞུགས་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།