[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • འཇག་མ་གླིང་ཁ་ནས“ལྷ་སའི་བསྐྱིལ་མཚོ”བར།

    རི་ཆུ་བཟང་བའི་ས་ཆ་ཡག་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-02

    665538_yis_1569564700528.jpg

    འདི་ནི་ལྷ་ས་སྐྱིད་ཆུའི་ཆུ་བེད་མཛེས་ལྗོངས་ཁུལ་ཡིན་པ།

    ལྷ་སར། ལྷ་ཞབས་གླིང་ཕྲན་དང་ཉི་འོད་གླིང་ཕྲན་གཉིས་ནི་བཅིངས་འགྲོལ་མ་བཏང་གོང་ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་མི་སྡོད་མཁན་མེད་པའི་རྩྭ་འཇག་མ་སྐྱེ་ཡུལ་དང་གྲམ་ཐང་ཡིན་པས། དེ་གཉིས་ལ་ཀུན་གྱིས་བོད་སྐད་ནས་རྐུ་མ་གླིང་ཁ་དང་འཇག་མ་གླིང་ཁ་ཞེས་འབོད་ཀྱི་ཡོད།

    ལྷ་ཞབས་གླིང་ཕྲན་ལ་སྲུང་སྐར་གྱི་ས་བཀྲ་ནས་ཐུར་ལྟ་བྱེད་སྐབས་མིའི་རྐང་མཐིལ་དང་འདྲ་པོ་ཡོད་པས་སྐབས་དེ་དུས་གསར་སྤེལ་བྱེད་མཁན་ཚོས་བཀྲ་ཤིས་པའི་དོན་དུ་མ་ཟད་ད་ཆའི་འཕེལ་རྒྱས་ཡག་པོ་ཡོང་ཆེད“ལྷ་ཞབས”ཞེས་མིང་བཏགས་པ་རེད། ལྷ་ཞབས་གླིང་ཕྲན་གྱི་ལྷོ་ངོས་འུན་ཤིང་ཀོང་ཇོའི་རིག་གནས་འཁྲབ་སྟོན་ལྟེ་གནས་དང་བར་དུ་སྐྱིད་ཆུས་ཆོད་པ་དང་། གཙོ་བོ་གྲོང་མིའི་སྡོད་ཁུལ་ཡིན་ཞིང་། དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་ལྷ་ས་སྐྱིད་ཆུའི་འགྲམ་ངོགས་སུ་ཆགས་པའི་དབང་གིས་ཁྱད་ལྡན་གྱི་བཟའ་བཏུང་དང་ཆང་ཁང་འཕེལ་རྒྱས་འགྲོ་ཡུལ་ཞིག་ཏུ་ཆགས་ཡོད། ཉི་འོད་གླིང་ཕྲན་གྱི་ལྷོ་ངོས་ལྷ་ས་སྐྱིད་ཆུར་བསྙེས་ཡོད་པ་དང་། བྱང་ངོས་སུ་ཅང་སུའུ་ལམ་ཆེན་ཡིན་པ། ཕྱོགས་བཞི་ཆུས་བསྐོར་ཅིང་། དུས་རབས་གོང་མའི་ལོ་རབས་80པའི་སྐབས་སུ། ལྷ་ས་སྐྱིད་ཆུའི་ཆུ་རླབས་རྡབ་པ་ལས་ཆགས་པའི་གླིང་ཕྲན་ཞིག་ཡིན་པ་དང་། 1990ལོར་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་ཧོ་རྒྱལ་སྤྱིའི་གྲོང་ནས་ཚོང་ལས་དང་སྡོད་ཁང་གཅིག་འདུས་ཀྱི་ཉི་འོད་གླིང་ཕྲན་དུ་གསར་སྤེལ་བྱས་པ་རེད། དེ་ཕོ་བྲང་པོ་ཏ་ལ་དང་ཁ་སྤྲོད་དུ་གནས་ཤིང་། བར་དུ་ཆུ་བོས་བཅད་པ་དང་། གཙོ་བོ་རོལ་རྩེད་དང་། བཟའ་བཏུང་། ཟོག་ཉོ་བཅས་གཞི་གཅིག་གི་ཚོང་ལས་ཁྲོམ་རར་གྱུར་ཡོད།

    ད་ཆ། གླིང་ཕྲན་གཉིས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་ཁོར་ཡུག་ནི་དབྱར་དུས་ཡུལ་སྐོར་བས་དགའ་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད། དང་ཐོག གླིང་ཕྲན་གཉིས་ཀྱི་ཚོང་ལས་རྣམ་པ་ཟབ་མོ་ནི་ཡུལ་སྐོར་བ་དང་གྲོང་མིའི་ཡིད་དབང་འགུག་པའི་རྒྱུ་རྐྱེན་གཅིག་ཡིན་ཞིང་། གླིང་ཕྲན་གཉིས་ལ་ས་བཅུད་སྣོན་མཁན་ནི་ལྷ་སའི་གྲོང་མིས“ལྷ་སའི་བསྐྱིལ་མཚོ”ཞེས་འབོད་པའི་སྣོད་བཅུད་མཛེས་ལྗོངས་འདུ་འགོད་རེད།

    ལྷ་ས་སྐྱིད་ཆུའི་ཆུ་བེད་མཛེས་ལྗོངས་ཁུལ་ནི་ཤར་གྱི་ཆུ་སྒོ་ཨང་4པ་ནས་ནུབ་ཀྱི་ཆུ་སྒོ་ཨང་2པ་བར་དང་། བྱང་ཁྲོན་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་ནས་ལྷོ《འུན་ཤིང་ཀོང་ཇོའི》རིག་གནས་དངོས་ལྗོངས་ཟློས་གར་ཆེ་གྲས་འཁྲབ་ཡུལ་གྱི་རྟེན་གཞིའི་བར་ཁྱོན་བསྡོམས་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་7.65ལྷག་ཙམ་ཡོད་ཅིང་། གྲོང་མིའི་སྤྲོ་གསེང་རིག་གནས་དང་། ཚོང་ལས་རིག་གནས། ཡུལ་སྐོར་རིག་གནས་བཅས་ཁུལ་ཆེན་པོ་གསུམ་ཚུད་ཡོད།

    ལྷ་ས་སྐྱིད་ཆུ་ནི་གཉན་ཆེན་ཐང་ལྷའི་ལྷོ་འདབས་ནས་བབས་ཏེ་ལྷོ་ནུབ་ལྷ་ས་གྲོང་ཁྱེར་བརྒྱུད། ཆུ་ཤུར་རྫོང་དུ་ཡར་ཀླུང་གཙང་པོར་འདྲེས་པ་དང་། དེ་ནི་ལྷ་སའི་མི་དམངས་ཀྱི་སེམས་ཀྱི“མ་ཡུམ་ཆུ་བོ”རེད། དེ་སྔོན་རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་ནས་ལོ་རེའི་ཟླ་11ནས་ཕྱི་ལོའི་ཟླ་3པའི་ཟླ་འགོ་བར་ནི་ལྷ་ས་སྐྱིད་ཆུ་བྲི་བའི་དུས་ཡིན་ཞིང་། སྐབས་དེ་དུས་ཆུ་ལམ་མང་ཆེ་བར་གྲམ་ཐང་མངོན་པའི་ཁར་ལྷགས་པ་ཆེན་པོ་བརྒྱབ་སྟེ་ལྷ་ས་སྐྱིད་ཆུའི་མཛེས་ལྗོངས་དང་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱི་ཡོད།

    སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་ཆེད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། “ལྷ་ས་སྐྱིད་ཆུའི(གྲོང་ཁུལ་དུམ་བུ)ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ”སྔ་སྣུར་དུ་ལག་ལེན་བསྟར་བ་རེད། 2013ལོའི་ཟླ་3པའི་ཟླ་མཇུག་ཏུ། ཁྱོན་མ་དངུལ་སྒོར་དུང་ཕྱུར་35.32བཏང་བའི་ལྷ་ས་སྐྱིད་ཆུའི(གྲོང་ཁུལ་དུམ་བུ)ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ་འགོ་བཙུགས་པ་དང་། ལས་གྲྭར་འཆར་གཞི་བྱས་ན་སྤྱི་ལེ་20ཡི་ནང་དུ་འཕྲེད་འགོག་ཆུ་སྒོ་6འཛུགས་རྒྱུ་དང་། ཆུ་སྒོ་ཚང་མ་ཆུ་ལམ་ཅུང་ཁོད་སྙོམས་པ་དང་ཆུ་འགྲོའི་ཆ་རྐྱེན་བལྟོས་བཅས་ལེགས་པའི་སར་སྐྲུན་རྩིས་ཡོད་པ་རེད། ལས་གྲྭ་ལག་ལེན་བསྟར་བ་དེས་ལྷ་སའི་འབྲུབ་འགོག་ལ་སྲུང་ཡོལ་བརྟན་པོ་ཞིག་བཙུགས་པ་མ་ཟད། ད་དུང་ཆུ་ཁ་མཐོ་རུ་སོང་སྟེ་རྒྱ་ཆེ་བའི་མཚོ་ངོས་ཤིག་གྲུབ་ནས་ཆུ་ལམ་བཅོས་སྐྱོང་དང་། ཁོར་ཡུག་མཛེས་བཟོ། མཛེས་ལྗོངས་ཆགས་པ་བཅས་བྱུང་ཡོད།

    2014ལོའི་ཟླ་10པར། འཕྲེད་འགོག་ཆུ་སྒོ་ཨང་3པར་ཆུ་བསགས་ཏེ་ལྷ་སར་ཆ་སྙོམས་ཆུའི་གཏིང་ཚད་སྨི་2.5དང་ཆུ་ཞེང་སྨི་300ལྷག་ཙམ། ཆུ་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་105ལྷག་ཙམ་བཅས་ཟིན་པའི་མི་བཟོས་མཚོ་ཞིག་ཆགས་ཡོད། ལྷ་ས་སྐྱིད་ཆུའི་ཆུ་སྒོ་ཨང་3པ་དོ་དམ་སུའོ་ཡི་ལས་དོན་པ་ཅཱ་ལིན་ཕིན་གྱིས་ངོ་སྤྲོད་བྱས་པར། ཆུ་སྒོ་ཨང་3པར་ཆུ་བསགས་རྗེས། ཆུ་བྲི་དུས་སམ་རྒྱུན་གཏན་གྱི་སྐབས་གང་ཡིན་རུང་ལྷ་ས་སྐྱིད་ཆུའི་དུམ་བུར་ཆུ་ངོས་ཆེ་ཙམ་ཞིག་ཆགས་ཏེ་གྲོང་ཁྱེར་གྱི་འབྲུབ་འགོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་ཁོར་ཡུག་ཆ་རྐྱེན་ལེགས་སུ་གཏོང་བ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ། ལྷ་སའི་ས་འོག་ཆུ་འབོར་ཆེན་གསབ་པ་བཅས་ལ་ཕན་ཐོགས་པ་མ་ཟད། ད་དུང་སྣོད་བཅུད་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ཀྱང་ཧ་ཅང་ཆེན་པོ་ལྡན་ཡོད། “གཙང་ཆུ་མཚོ་སྐྱིལ”འདུ་འགོད་ལས་ལྷ་སའི་ཆུའི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་པ་མ་ཟད། གྲོང་ཁྱེར་དུ་གསོ་རླུང་དང་བརླན་གཤེར་ཡང་བསྣན་ཡོད། མིག་སྔར་ལྟ་དཔྱད་ཚད་འཇལ་བྱས་པར་གཞིགས་ན། ཆ་སྙོམས་བརླན་བཤེར་7%ནས་8%བར་མཐོ་རུ་སོང་ཡོད།

    2015ལོའི་ཟླ་9པར། ལྷ་ས་སྐྱིད་ཆུའི་ཆུ་སྟེང་ཡུལ་སྐོར་རྣམ་གྲངས་གཙང་འགྲམ་སྤྱི་གླིང་དུ་དངོས་སུ་འགོ་ཚུགས་པ་ལས། “གཙང་ཆུ་མཚོ་སྐྱིལ”འདུ་འགོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་མཚོན་ཡོད་ལ་ལྷ་ས་གྲོང་ཁྱེར་དུ་ཆུ་སྟེང་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་འགོ་བརྩམས་པའང་མཚོན་ཡོད།

    2016ལོའི་ཟླ་11པར། ལྷ་ས་གྲོང་ཁྱེར་གྱིས་སྤེལ་བའི“ལྷ་ས་སྐྱིད་ཆུའི(གྲོང་ཁུལ་དུམ་བུ)ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ”དང“ལྷོ་རི་སྔོ་འགྱུར་འདུ་འགོད”གཞི་རྟེན་དུ་བྱས་པའི་ལྷ་ས་སྐྱིད་ཆུའི་ཆུ་བེད་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱི་ཆུ་བེད་མཛེས་ལྗོངས་ཁུལ་ཁག་16པའི་གྲས་སུ་ཚུད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།