[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཐང་རྒོད་སྔོ་ལྗང་ཅན་ལ་གྱུར། ཤང་གྲོང་དབུལ་པོ་ཕྱུག་འགྱུར་ལམ་བུར་བསྐྱོད།

    —— ཡར་ཀླུང་གཙང་པོའི་ལྷོ་ཁའི་དུམ་བུའི་ལོ་ངོ་བཞི་བཅུའི་རིང་གི་ནགས་བཟོ་བྱེ་བཅོས་སྐོར་གྱི་སྙན་ཞུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-20

    དུས་རབས་གོང་མའི་ལོ་རབས་80པའི་ནང་བྱེ་རླུང་གི་གནོད་འཚེ་ཚད་མེད་ཕོག་པའི་ཡར་ཀླུང་གཙང་པོའི་ལྷོ་ཁའི་དུམ་བུར་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་གླིང་སྐྲུན་འགོ་བཙུགས་པ་དང་། ལོ་ངོ་40ཡི་རིང་སྡོང་ཕྲུག་རྐང་ཁྲི་4500ཙམ་བཙུགས་ནས་རིང་ཚད་སྤྱི་ལེ་160ལྷག་ཙམ་དང་། ཆ་སྙོམས་ཞེང་ཚད་སྤྱི་ལེ་1.8ཡོད་པའི“ལྗང་མདོག་བར་ཁྱམས”ཞིག་ཆགས་ནས་ས་མཐོར་ནགས་བཟོ་བྱེ་བཅོས་ཀྱི་ངོ་མཚར་རྒྱུན་ཆད་མེད་པར་གཏོད་བཞིན་ཡོད།

    “ནགས་བཟོ་བྱེད་དཀའ་བའི་ཁུལ”དེ“ལྗང་མདོག་བར་ཁྱམས”ལ་གྱུར་པ།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྦྱིན་ཀླུ་སྡེ་ཁུལ་གྱི་གྲོང་མི་ཟླ་བ་རྒྱལ་མཚན་གྱིས“སྔོན་ཆད་བྱེ་རླུང་ཧ་ཅང་ཆེན་པོ་ཡོད་པས་ཉིན་ལྟར་སྒོ་ར་ནས་བྱེ་མ་རྩྭ་རས་གཉིས་ཙམ་འཕྱག་རྒྱུ་ཡོད”ཅེས་བརྗོད།

    གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོའི་གྲོང་མི་ཟླ་བས“ང་ཚོའི་གྲོང་ཚོར་སྔོན་ཆད‘བྱེ་མའི་གྲོང་ཚོ’ཞེས་འབོད་ཀྱི་ཡོད། བྱེ་རླུང་ཆེ་བས་འབྲུ་རིགས་འདེབས་ཐབས་བྲལ་ཏེ་ཀོ་ཆས་བཟོས་ནས་འབྲུ་རིགས་དང་བརྗེ་པོ་རྒྱག་རྒྱུ་ལས་མ་འདས”ཞེས་བརྗོད།

    ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་བྱེ་རླུང་གིས་སྔོན་ཆད་ས་གནས་དེ་གའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད། ལྷ་ས་ནས་ལྷོ་ཁའི་བར་གྱི་གཞུང་ལམ་རྟག་ཏུ་བྱེ་མས་འགག་པ་དང་རླངས་འཁོར་བྱེ་མའི་ནང་ལུས་པའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད། ལྷ་ས་གོང་དཀར་གནམ་ཐང་ལོ་ལྟར་ཟླ་2ཙམ་བྱེ་རླུང་གིས་རྐྱེན་པས་དུས་གཏན་གནམ་གྲུ་དུས་ཚོད་ཏག་ཏག་ནང་བདེ་འཇགས་ངང་འཕུར་བ་དང་འབབ་ཐུབ་ཀྱི་མེད་ཅེས་ངོ་སྤྲོད་བྱས།

    དབུལ་པོའི་ལྟ་བར་འགྱུར་ལྡོག་གཏོང་དགོས་ཤིང་། དུས་རབས་གོང་མའི་ལོ་རབས་80པའི་ནང་ལྷོ་ཁས་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། ཐོག་མར་འཛུགས་སྐྲུན་བྱེད་སྐབས་མི་ཁ་ཤས་ཀྱིས་དེ་ནི་ཡར་ཀླུང་གཙང་པོའི་གྲམ་ཐང་ཁུལ་ནི་ནགས་བཟོ་བྱེད་དཀའ་བའི་ཁུལ་ཞིག་ཡིན་པས། དགུན་དུས་དང་དཔྱིད་དུས་སུ་སྐམ་ཤས་ཆེ་ལ་དབྱར་དུས་དང་སྟོན་དུས་སུ་ཆུ་ལོག་ཐོན་གྱི་ཡོད། ལྗོན་ཤིང་བཏབ་ཚེ་མ་སྐམ་ན་ཆུས་འཁྱེར་རྒྱུ་ལས་མ་འདས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    དཀའ་ངལ་ཇི་ལྟར་འཕྲད་ཀྱང་ལྷོ་ཁ་བས་དཔའ་མི་ཞུམ་ཞིང་། ལོ་ངོ་40ཡི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཡར་ཀླུང་གཙང་པོའི་ངོགས་གཉིས་ནི་སྤྱི་ཆིངས་ཁྲི་ཡི་ས་ཆ་ཤིང་ནགས་སུ་གྱུར་ཏེ་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་45ཙམ་ཟིན་པ་མ་ཟད། རང་རྒྱལ་གྱི་ནགས་ལས་ཆུ་བེད་འདུ་འགོད་ལོ་རྒྱུས་ཐོག་གི“ལྗོན་ཤིང་གི་ཆུ་རག”ཐོག་མ་དེར་གྱུར་པ་དང་། “ཤིང་སྡོང་ཆེན་པོ་འཛུགས་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ་ཡར་ཀླུང་གཙང་པོའི་ནགས་བཟོ་བས“ནགས་བཟོ་བྱེད་དཀའ་བའི་ཁུལ”དུ་འགྲན་སློང་བྱས་ཏེ་ས་བབ་མཐོ་ཞིང་གྲང་ངར་ཆེ་བ་དང་སྐམ་ཤས་ཆེ་བའི་ས་ཁུལ་དུ་ནགས་བཟོ་བྱེ་བཅོས་ཀྱི་ཚན་རྩལ་གྲུབ་འབྲས་འབོར་ཆེན་འཚོལ་ཞིབ་དང་གསོག་འཇོག་བྱས་པས། ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་འདེབས་འཛུགས་ལག་རྩལ་གྱི་ཞིབ་འཇུག་བྱ་གཞིར་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་རེད།

    “ནགས་བཟོ་བྱེ་བཅོས”བྱས་ཏེ“གསེར་རི་དངུལ་རི་བཏོད་པ”

    ནགས་བཟོ་བྱེ་བཅོས་ལས་དོན་ལ་སྐུལ་འདེད་བཏང་བ་ཆབས་ཅིག་ཡར་ཀླུང་གཙང་པོའི་ངོགས་གཉིས་ལ“བྱེ་རླུང་ཆེ་བས་མི་ཕྱིར་འཐེན”བྱེད་པ་ནས“ནགས་བཟོ་བྱེ་བཅོས”ལ་གྱུར་ཡོད། ནགས་བཟོ་བྱེ་བཅོས་བྱས་པས་སྣོད་བཅུད་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཡག་པོ་ཐོན་ཡོད།

    “ཡར་ཀླུང་གཙང་པོར་ནགས་བཟོ་སྔོ་འགྱུར་བྱས་པ་དེས་བྱེ་རླུང་ཉུང་དུ་ཕྱིན་པ་མ་ཟད། མང་ཚོགས་ཚོར‘གསེར་རི་དངུལ་རི’ཞིག་ཀྱང་བཏོད་ཡོད”ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ལེའུ་ཅིང་ཧྥེང་གིས་ཡང་ཀླུང་གཙང་པོ་ནགས་བཟོ་སྔོ་འགྱུར་བྱས་པ་དེས་ལྷོ་ཁ་གྲོང་ཁྱེར་གྱི་སྡོང་ཕྲུག་འདེབས་གསོ་སོགས་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་ཐུབ་ནས་གྲོང་ཁྱེར་ཡོངས་སུ་སྡོང་ཕྲུག་ར་བ་ཁྱོན་58ཙམ་ཟིན་ཏེ་ཉམས་མྱོང་ཡོད་པ་དང་། ལག་རྩལ་ཤེས་པ། ལག་ལེན་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་ཞིང་འབྲོག་པའི་བྱེ་བཅོས་དཔུང་ཁག་ཁག་གཅིག་གསོ་སྐྱོང་བྱས་ཡོད་ལ། ནགས་ལས་གཉེར་སྐྱོང་དང་དོ་དམ་གྱིས་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པར་ཡང་སྔར་བས་སྐུལ་ཁྲིད་ཐུབ་ཡོད་པས་ནགས་བཟོ་སྔོ་འགྱུར་བྱེད་པ་ནི“བདེ་སྐྱིད་བསྐྲུན་པ”ཞིག་ཡིན་པའི་ལྟ་བ་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་དུ་མིག་སྔར་མང་ཚོགས་ཁྲི་3.2ལྷག་ཙམ་ཐད་ཀར་སྤྱི་ཕན་ནགས་སྲུང་དོ་དམ་པའི་ནང་ཞུགས་པ་དང་། ནགས་ལས་རྣམ་གྲངས་ཀྱིས་ལོ་ལྟར་མང་ཚོགས་ཚོར་འབབ་འཕར་སྒོར་ཁྲི་9000ལྷག་ཙམ་བཏོད་ནས“ས་གཞི་སྔོ་ལྗང་ཅན་དུ་འགྱུར་བ་དང་། མང་ཚོགས་རྣམས་ལ་འབབ་འཕར་ཡོང་རྒྱུ”མངོན་འགྱུར་བྱུང་ཡོད།

    “ས་མཐོའི་ནགས་གླིང”གིས“ཚེ་སྲོག་གི་བསྟོད་གླུ”བླངས་པ།

    ཡར་ཀླུང་གཙང་པོར་ནགས་བཟོ་བྱེ་བཅོས་བྱེད་པའི་ལོ་ངོ་40ཡི་རླབས་ཆེན་ལག་ལེན་ནི་ནགས་བཟོ་བ་མི་རབས་ནས་མི་རབས་བར་གྱི་ལེགས་སྐྱེས་དང་བློས་གཏོང་དང་ཁ་འབྲལ་ཐབས་མེད།

    ལྷོ་ཁ་གྲོང་ཁྱེར་བསམ་ཡས་གྲོང་རྡལ་ཟུར་མཁར་སྡེ་ཁུལ་གྱི་ལོ་83ལ་སླེབས་པའི་རྡོ་རྗེ་དགྲ་འདུལ་གྱིས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་དུ“དཔྱིད་དུས་སྡོང་ཕྲུག་འདེབས་སྐབས་གྲང་ངར་ཆེ་བས་ལག་པ་གས་ཀྱི་ཡོད་པས་ལུག་ཚིལ་བྱུག་པ་དང་རིལ་མ་རྨ་ཁར་བྱུག་རྗེས་བལ་གྱིས་བསྡམས་ཀྱི་ཡོད”ཅེས་བརྗོད།

    1997ལོའི་དཔྱིད་དུས་སུ་གོང་དཀར་རྫོང་དགོན་སྡོད་གྲོང་རྡལ་དགོན་སྟོད་གྲོང་ཚོའི་གྲོང་མིས་ཀོ་གྲུ་བསྡད་ནས་ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་སྡོང་ཕྲུག་འཛུགས་པར་བསྐྱོད་སྐབས་གློ་བུར་དུ་གཙང་ངོས་སུ་རླུང་བུ་ལྡང་པས་ཀོ་རྡིབ་ཐེབས་ནས་གྲོང་མི་10ལྷག་ཙམ་གྱི་རྩ་ཆེའི་ཚེ་སྲོག་ཤོར་བ་རེད།

    ལོ་ངོ་40ཡི་རིང་ལྷོ་ཁའི་ནགས་ལས་པས“དཀའ་ངལ་ལ་མི་འཛེམ་པར་དཀའ་སྤྱད་དངོས་སྒྲུབ”ཀྱི་ཡར་ཀླུང་གཙང་པོའི་ནགས་བཟོའི་སྙིང་སྟོབས་བཏོད་ནས་མི་དེ་བས་མང་བས་ཡར་ཀླུང་གཙང་པོའི་ནགས་བཟོ་བྱེ་བཅོས་ཀྱི་དམག་དཔུང་ཆེན་པོའི་ནང་ཞུགས་པར་སྐུལ་ལྕག་བྱེད་བཞིན་ཡོད།

    བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་དབང་འདུས་ཀྱིས་ཡར་ཀླུང་གཙང་པོའི་ནགས་བཟོ་བས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འབད་འབུངས་སྟོབས་བརྩོན། ལོ་ངོ་40རིང་རྒྱུན་མཐུད་ནགས་བཟོ་བྱེ་བཅོས་བྱེད་པ་བཅས་ཀྱིས་ལག་ལེན་དངོས་ལ་བརྟེན་ནས་སྔོ་ཞིང་དྭངས་བའི་རི་ཆུ་གསར་རི་དངུལ་རི་ཡིན་པའི་འདུ་ཤེས་གསལ་འགྲེལ་བྱས་ཡོད་ལ། དེ་ནི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཀྱང་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།