[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷ་ས་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་ཉམས་གསོ་ཤུགས་ཆེན་བྱས་པས།——

    ཆུ་རྙོག་གཙང་མར་གྱུར་པ་དང་ཆུ་ངོགས་སྔོ་ཐིང་ཐིང་ཆགས་ནས་མཛེས་ལྗོངས་ལྟ་ན་སྡུག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-27

    ལྷ་ས་གྲོང་ཁྱེར་རྔ་ཆེན་ཤར་ལམ་དུ་སྐྲུན་མུས་ཀྱི་མ་ཡུར་ལྷོ་མའི་ཆུ་ལག་གི་སྣོད་བཅུད་བཅོས་སྐྱོང་ལས་གྲྭ་ནི་ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་ཉམས་གསོ་དང་དེ་བཞིན་སྣོད་བཅུད་བཅོས་སྐྱོང་རྣམ་གྲངས་ཀྱི་ལས་གྲྭའི་གྲས་ཤིག་ཡིན། ལས་གྲྭ་དེའི་ལས་ཀ་བྱ་ཡུལ་དུ་བརྐོ་འདྲུའི་འཕྲུལ་འཁོར་གྱི་སྐད་སྒྲ་ལྡིར་ལྡིར་དུ་གྲགས་པ་དང་ལས་ཀ་བྱེད་མཁན་རྣམས་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་བཞིན་ཡོད། ལས་ཡུལ་གྱི་ཨར་སྐྲུན་ཇུས་འགོད་འགྲེམས་པང་ཐོག་རྣམ་གྲངས་ཀྱི་དམིགས་ཚད་རྣམས་བཀོད་པའི་ནང་གྲོང་ཁུལ་གྱི་ཕྱོགས་མཚམས་ཀུན་ཏུ་དྭངས་ཤིང་གཙང་བའི་ཆུ་མོ་ཤང་ཤང་དུ་རྒྱུག་པ་དང་། ཆུ་ངོགས་སྔོ་མདངས་རྒྱས་པ། ཆུའི་མཛེས་ལྗོངས་ཀྱི་སྤྱི་གླིང་རྣམས་ཆུ་འགྲམ་དུ་རིམ་པས་བསྐྲུན་པ་བཅས་མཐོང་ཐུབ་པས། མཛེས་སྡུག་ཡིད་དུ་འོང་བའི་རི་མོ་ཞིག་གིས་ལྷ་སར་མཛེས་རྒྱན་སྤྲས་པ་དང་གཉིས་སུ་མ་མཆིས། 

    ཆུ་རྙོག་གཙང་མ་བཟོས་ནས་དྭངས་གཙང་གི་ཆུ་རྒྱུན་བཞུར་ཐུབ་པ་བྱས་པ།

    གྲོང་ཁྱེར་ཅན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་དུས་ཡུན་རིང་པོ་སོང་བའི་དབང་གིས་ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་འགག་པ་སོགས་ཀྱི་གནད་དོན་ཐོན་ཡོད་ལ། ཆུ་ལག་ཆ་ཤས་ལ་སྦགས་བཙོག་ཤོར་ཡོད། 

    འདི་ལོའི་ཟླ་10ཚེས་25ཉིན་མ་ཡུར་ལྷོ་མའི་ཆུ་ལག་གི་སྣོད་བཅུད་བཅོས་སྐྱོང་ལས་གྲྭ་དངོས་སུ་ལས་འགོ་ཚུགས་པ་དེ་ལས་ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་མ་ལག་ཉམས་གསོ་དང་སྣོད་བཅུད་བཅོས་སྐྱོང་རྣམ་གྲངས་དངོས་སུ་འགོ་ཚུགས་པ་མཚོན་ཡོད། 

    གསར་འགོད་པས་མ་ཡུར་ལྷོ་མའི་རྒྱུད་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་དེ་ཁུལ་དུ་བཙོག་ཆུ་འགག་པའི་གནས་ཚུལ་ཚབས་ཆེ་བ་དང་ཆུ་ཡུར་སྟེང་དུ་མདོང་ལམ་མང་བ་སོགས་མཛེས་ལྗོངས་དང་ཆུ་སྤུས་ལ་སྐྱོན་རྒྱག་པའི་གནད་དོན་ཡོད་པ་མཐོང་བྱུང་། འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཀྱི་རྣམ་གྲངས་འདིར་གཙོ་བོ་ལོ་རྒྱུས་ཐོག་གི་ཆུ་ལག་སླར་གསོ་དང་ཆུ་རྙོག་གཙང་སེལ་བྱས་ཏེ་ཆུ་ལག་དེའི་ཆུ་ཆེ་ཆུང་ལུགས་མཐུན་བཀོད་སྒྲིག་བྱེད་པ་དང་། ཆུ་ལག་གི་སྣོད་བཅུད་ཆུ་ངོགས་སྲུང་སྐྱོང་སྒྱུར་བཀོད་བྱེད་པ། འགྱིག་བལ་གྲོང་ཁྱེར་སྐྲུན་པ། ཆུ་ལག་རིག་ནུས་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་འཁྱིལ་ཆུ་བཤང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་མིར་ལྗང་མདོག་གི་འཚོ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད། 

    གང་སར་མཛེས་ལྗོངས་མཐོང་རྒྱུ་ཡོང་བ་བྱས་པ།

    “ལྷ་ས་གྲོང་ཁུལ་གྱི་ཆེ་ཆུང་མ་གཅིག་པའི་གཙང་པོ་དང་མཚོ་མོ་དག་ལ་གྲོང་མི་ཚོའི་བརྩེ་དུང་དང་འཕྲེང་སེམས་མང་པོ་བསྡུས་ཡོད། ད་ཆ་སྲིད་གཞུང་གིས་ཆུ་ལག་ཉམས་གསོ་དང་། ཆུ་མོ་དྭངས་གཙང་ལྷུང་ལྷུང་དུ་བཞུར་ཐུབ་པ། ཆུ་ངོགས་དེ་བས་སྔོ་མདངས་རྒྱས་པ་བཅས་བྱེད་ཀྱི་ཡོད་པས། ང་ཚོས་དེར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་ཉམས་གསོའི་ལས་གྲྭའི་སྐོར་གླེང་སྐབས་ལོ་རྒན་དྲུག་ཅུ་ཡོལ་བའི་ལྷ་སའི་གྲོང་མི་མཚམས་གཅོད་ཀྱིས་མྱོང་ཚོར་ཟབ་མོས་བརྗོད། 

    གྲོང་མིའི་ངོས་ནས་བརྗོད་ན་ད་ཐེངས་ཀྱི་རྣམ་གྲངས་ཁྲོད་གསར་དུ་བསྐྲུན་པའི་མཛེས་ལྗོངས་སྤྱི་གླིང་ནི་རེ་སྒུག་ཆེ་ཤོས་བྱེད་ས་ཞིག་རེད། གསར་དུ་བསྐྲུན་རྩིས་ཡོད་པའི་སྐལ་བཟང་གཙང་པོའི་སྤྱི་གླིང་ནི་རྔ་ཆེན་ལམ་དང་གཙང་འགྲམ་ལམ་འདྲེས་མཚམས་སུ་གནས་པ་དང་མ་ཡུར་ལྷོ་མའི་ལས་གྲྭའི་ཁྲོད་ཀྱི་མཛེས་ལྗོངས་སྤྱི་གླིང་ཆེ་ཤོས་དེ་རེད། སྤྱི་གླིང་དེར་སྣོད་བཅུད་ལྗང་མདོག་གླིང་ཕྲན་དང་ཆུ་སྐྱེས་རྩི་ཤིང་སོགས་མཛེས་ལྗོངས་ཕུན་སུམ་ཚོགས་པོ་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ཁྱམས་དང་། ལྗོངས་གཟིགས་སྒང་། ལྗོངས་གཟིགས་ཟམ་པ་སོགས་བསྐྲུན་ཏེ་མི་དང་རང་བྱུང་ཁམས་མཐུན་འགྲིག་ཡོང་བ་བྱས་པས། ཉེ་འཁོར་གྱི་གྲོང་མིའི་སྡོད་མལ་ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཤུགས་ཆེན་འགྲོ་རྒྱུ་ཡིན་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་ཉམས་གསོ་དང་སྣོད་བཅུད་བཅོས་སྐྱོང་ལས་གྲྭ་ལག་ལེན་བསྟར་བའི་ཁྲོད་ད་དུང་རྔ་ཆེན་ཡུག་ཁུལ་གྱི་ལྟེ་བའི་ཆུ་ལམ་དང་ཆུ་ལག་སྦྲེལ་མཐུད་ལས་གྲྭ་དང་། ཕོ་བྲང་པོ་ཏ་ལའི་ཉེ་འཁོར་གྱི་ཆུ་ལག་སྒྱུར་བཀོད་ལས་གྲྭ མ་ཡུར་དབུས་མའི་ཆུ་ལག་སྣོད་བཅུད་བཅོས་སྐྱོང་ལས་གྲྭ མ་ཡུར་བྱང་མའི་ཆུ་ལག་སྣོད་བཅུད་བཅོས་སྐྱོང་ལས་གྲྭ་བཅས་ཡན་ལག་ལས་གྲྭ་5ཚུད་པ་དང་། ཆུ་ལག་བཅོས་སྐྱོང་བྱེད་ཚད་སྤྱི་ལེ་53.1ཟིན་པ། སྒྱུར་བཀོད་བྱེད་ཁོངས་སྤྱི་ཆིངས་75ཟིན་ཞིང་། རྣམ་གྲངས་ཆ་ཚང་2021ལོའི་ལོ་མཇུག་གོང་བསྐྲུན་ཟིན་པ་བྱ་རྒྱུ་རེད། 

    སྣོད་བཅུད་ལེགས་སུ་ཕྱིན་པས་དམངས་འཚོར་ཕན་འདོགས་པ། 

    རྣམ་གྲངས་ཇུས་འགོད་ཚན་པའི་འབྲེལ་ཡོད་འགན་འཁུར་བས། མ་ཡུར་ལྷོ་མའི་རྣམ་གྲངས་ཁྲོད་གསར་དུ་བསྐྲུན་རྩིས་ཡོད་པའི་མཛེས་ལྗོངས་མཚོའི་སྤྱི་གླིང་དུ་སྣོད་བཅུད་ལྗང་མདོག་གླིང་ཕྲན་དང་། ཆུ་འགྲམ་གྱི་འཕྲང་ལམ། ལྗོངས་གཟིགས་སྒང་། ཆུ་སྐྱེས་རྩི་ཤིང་སོགས་བཀོད་སྒྲིག་བྱས་ཏེ་ཤར་རྒྱུད་ཆུ་འགྲམ་གྱི་གྲོང་ཁུལ་གསར་པའི་རྣམ་པ་མངོན་པར་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས། 

    གསར་འགོད་པར་ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་བར། རྣམ་གྲངས་ཧྲིལ་པོའི་འཆར་འགོད་ནང་གི་ཆུ་ལག་ལ་ཆུ་ཡུར་སྦྲེལ་མཐུད་སྒྱུར་བཅོས་དང་། ཆུ་ལག་སྣོད་བཅུད་བཅོས་སྐྱོང་། དེ་རྒྱུད་ཀྱི་གད་སྙིགས་གཙང་སེལ། སྔོ་འགྱུར་མཛེས་ལྗོངས་སྒྱུར་བཀོད་བཅས་བྱ་ཆེད་ཡིན་པ་དང་། རྣམ་གྲངས་ལག་ལེན་བསྟར་རྗེས་གྲོང་ཁྱེར་གྱི་ཆུ་ཁོངས་རྒྱ་ཁྱོན་ཆེ་རུ་གཏོང་བ་དང་། ཆུ་ལག་གི་བཙོག་ཆུ་གཤོང་བ། ལྟེ་བའི་གྲོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ། མང་ཚོགས་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་ཁྱེར་སྤྱི་ཡོངས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྣམ་གྲངས་དེ་ཉིད་ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་དམངས་འཚོའི་འདུ་འགོད་དང་། གྲོང་ཁྱེར་བཀོད་པ་དོ་དམ་གྱི་འདུ་འགོད། མཛེས་ལྗོངས་ཀྱི་འདུ་འགོད་བཅས་ལ་དངོས་འབྲེལ་འགྱུར་བ་བྱ་རྒྱུ་ཡིན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།