[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • ཁྲི་ཀའི་གནའ་མཁར།

  • ཡོང་ཁུངས།   མཚོ་སྔོན་བོད་ཡིག་གསར་འགྱུར།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-12

    W020161206418281747273.jpg

    ཁྲི་ཀའི་གནའ་མཁར་ནི་ཁྲི་ཀ་རྫོང་མཁར་གྱི་བྱང་རྒྱུད་དང་རྨ་ཆུ་དང་བར་ཐག་སྨི་ལྔ་བརྒྱའི་མཚམས་སུ་བརྗིད་ཉམས་ཀྱིས་གནས་ཡོད་ལ།དེ་ནི་བོད་བཙན་པོའི་དུས་སུ་ཕྱི་དགྲ་འདུལ་ཞིང་ནང་མི་སྲུང་བའི་ཐབས་སུ་བརྩིགས་པའི་གནའ་མཁར་ཞིག་ཡིན་པ་སྨོས་མིད་ཡིན་ནོ།།དེ་ཡང་ཁྲི་ཀ་ཞེས་པའི་དོན་ཡང་བོད་བཙན་པོའི་སྐབས་དེར།མདོ་སྨད་འདི་རུ་འ་ཞ་སྟོང་སྡེ་དྲུག་དང་མཐོང་ཁྱབ་ཁྲི་སྡེ་ཟེར་བ་བཙུགས་པའི་དུས་སུ།མཐོང་ཁྱབ་ཁྲི་སྡེའི་ཁྲི་དཔོན་གྱི་གཞིས་ཀའམ་སྲིད་འཛིན་གྱི་ལྟེ་གནས་ལྟ་བུར་གྱུར་པས་ཁྲི་ཀར་ཐོགས་པ་ནང་བཞིན་དེའི་དུས་སུ་ཡུལ་འདི་ཉིད་ཆབ་སྲིད་ཙམ་མ་ཡིན་པར་ཆོས་སྲིད་རིག་དཔལ་བཅས་དར་རྒྱས་ཀྱི་ཡང་རྩེར་སོན་པའི་སྐབས་ཤིག་ཏུ་མཆིས་ཕྱིར་གནའ་མཁར་ཡང་དེའི་དུས་སུ་བསྐྲུན་པ་ཐེ་ཚོམ་མིད་དེ།ཧྥ་རན་སེ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེན་མོ་ཕ་རི་སིར་བཞུགས་པའི་ཏུན་ཧོང་ཡིག་ཪྙིངP.T.966ཏུ།“མཁན་པོ་ནམ་མཁའི་སྙིང་པོའི་བཤེས་གཉེན་གྱི་རྒྱུད་མདོར་བཤད་པ་ཞེས་པའི་ནང་དུ།སྤུར་ཨན་ཅུང་དབེན་སར་འཁོད་དུ་ཡུལ་མི་རྣམས་ཀྱིས་པན་གདུགས་ཀྱིས་དྲངས་ཏེ་བསྐྱལ་བའི་ཚེ།ཁྲི་ག་མཁར་གོང་དུ་སྟེང་གི་ནམ་མཁའ་ལ་སྤྲིན་ཚོན་སྣ་ལྔ་བྱུང་བ་ཡང་།ཡུལ་མྱྀ་དང་ཕྱུགས་རྫྀ་ཐམས་ཅད་ཀོས་མཐོང་།”ཞེས་བཀོད་པ་ལྟར་ན།བོད་བཙན་པོའི་སྐབས་ཀྱི་དགེ་སློང་ནམ་མཁའི་སྙིང་པོ་མདོ་སྨད་ཁྲི་ཀར་ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་ཅིང་འགྱུར་མིད་སྐུ་ཡི་བཀོད་པ་ཡང་ཁྲི་ཀའི་ཞོང་པོང་དགོན་པར་ཡོངས་སུ་བསྡུས་ཚུལ་བསྟན།རྗེས་འཇུག་སློབ་འབངས་ཀུན་གྱིས་སྐུ་གདུང་དེ་ཉིད་ཨན་ཆུང་གནམ་རྫོང་དུ་བསྐྱལ་བའི་ཚེ་ཁྲི་ཀའི་མཁར་སྟེང་གི་ནམ་མཁའི་མཐོངས་སུ་སྤྲིན་ཚོན་སྣ་ལྔ་ཤར་བ་སོགས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ལ་དཔགས་ན།དེའི་སྐབས་ནས་བཟུང་སྟེ་ཁྲི་ཀའི་གནའ་མཁར་ནི་ཡོད་ངེས་པ་ཞིག་ཡིན་ནོ།།

    W020161206418282219847.jpg

    འོན་ཀྱང་ཁྲི་ཀའི་རྒྱ་ནག་གི་ལོ་རྒྱུས་མང་ཆེ་བར་གནའ་མཁར་འདི་ནི་མིང་རྒྱལ་རབས་ཀྱི་གོང་མ་མིང་ཐའེ་ཙུའུ་ཀྲུའུ་ཡོན་ཀྲང་གི་ཧུང་ཝུའུ་ཁྲི་ལོ་བདུན་པ་ནས་བཅུ་གསུམ་གྱི་བར་ཏེ།སྤྱི་ལོ1374ནས1380ལོའི་སྐབས་སུ་བསྐྲུན་པ་ཞིག་ཡིན་ཞིང་།སྤྱི་ལོ1590ལོར་མཁར་འདིའི་གྲུབ་ཆ་ཁག་ཅིག་གསར་དུ་བསྐྲུན་པ་ནས་བཟུང་སྟེ།མིང་རྒྱལ་རབས་ཀྱི་གོང་མ་ཆིང་མུའུ་ཙུང་གི་ཐུང་ཀྲི་ཁྲི་ལོ་དང་པོ་སྟེ་སྤྱི་ལོ1862ལོར་དང་།ཀྲུང་ཧྭ་མིན་གོའི་སྲིད་ལོ་བརྒྱད་པ་སྟེ1919ལོ།ཀྲུང་ཧྭ་མིན་གོའི་སྲིད་ལོ་བཅོ་བརྒྱད་པ་སྟེ1929ལོའི་བར་དུ་ཐེངས་གསུམ་ལ་ཞིག་གསོ་བྱས་མྱོང་སོགས་བཀོད་ཡོད།གནའ་མཁར་འདི་ནི་གྲུ་བཞི་ཞིག་ཡིན་ལ་མཁར་འདིའི་མཐའ་སྐོར་གྱི་རིང་ཚད་ལ་སྨི227དང་མཐོང་ཚད་ལ་སྨི11.7ཡོད།མཁར་རྟིང་གི་ཞེང་ཚད་ལ་སྨི9.3དང་།མཁར་ཁའི་ཞེང་ཚད་ལ་སྨི4དང་མདའ་ཡབ་ཀྱི་རིང་ཚད་ལ་སྨི1.7དང་།མཁར་ཁར་མདའ་ར་སྨི320བཅས་ཡོད།མཁར་མཐའ་རུ་གཏིང་ཚད་སྨི5དང་།ཞེང་ཚད་ལ་སྨི10.7ཅན་གྱི་དགྲ་འགོག་འོབས་དོང་ཡོད།ལྷོ་བྱང་གཉིས་སུ་མཁར་སྒོ་བཏོད་ཡོད།།  《ཁྲི་ཀའི་ཪྙིང་མའི་ཆོས་འབྱུང》ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།