[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • ཀྲུང་གོའི་ཡུལ་སྐོར་ཉིན་མོར་5Aརིམ་པའི་རྒྱལ་ཁབ་མཛེས་ལྗོངས་ཁུལ་མཚོ་སྔོན་པོར་ཡུལ་སྐོར་ལ་ཡོང་མཁན་ཧ་ཅང་མང་པོ་ཡོད།

  • ཡོང་ཁུངས།   མཚོ་སྔོན་པོའི་ངོགས་ནས་ཉི་ཤར་ལ་ལྟ་བ།    |    རྩོམ་པ་པོ།   ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀུའུ་ལིན་དང་། ཚའོ་ཐིན། ལི་ལིན་ཧའེ་བཅས་ཀྱིས།    |    སྤེལ་དུས།   2017-05-24

    ནམ་མ་ལངས་གོང་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་མཚོ་འགྲམ་དུ་འཛོམས་ཏེ་ལྟ་ན་སྡུག་པའི་ཉི་ཤར་བར་བསྒུགས་ནས་དོན་སྙིང་ལྡན་པའི་ཉིན་མོ་བསུ་འགོ་ཚུགས།

    “མཚོ་སྔོན་པོའི་ངོགས་སུ་ཉི་ཤར་ལ་བལྟས་ན་ཚོར་སྣང་མི་འདྲ་བ་ཞིག་འདུག”ཅེས་ཧོ་པེ་ཞིང་ཐའེ་ནས་ཡོང་བའི་ཡུལ་སྐོར་བ་ཀྲང་ཅིང་གིས་བརྗོད་ཅིང་། ཁོང་གིས་ཡུལ་སྐོར་དྲ་ཚིགས་ཁག་གཅིག་ནས་ཡུལ་སྐོར་བས་བརྒྱབ་པའི་མཚོ་སྔོན་པོའི་ཉི་མ་ཤར་ཁའི་འདྲ་པར་མཐོང་སྟེ་ས་ཆ་དངོས་ལ་བལྟ་བར་འདོད་ནས་ཡོང་བ་ཡིན་ཞེས་བཤད།

    མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་དེ་ཡིན་པ་དང་2016ལོར་མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4451.45ཟིན་ཡོད། ཉེ་བའི་ལོ་ཤས་རིང་། ནུབ་རྒྱུད་ཀྱི་འགྲིམ་འགྲུལ་དང་འཚོ་བའི་ཆུ་ཚད་ལེགས་སུ་ཕྱིན་པ་དང་བསྟུན་ནས་མཚོ་སྔོན་པོར་ཡུལ་སྐོར་དུ་ཡོང་མཁན་ལོ་ལྟར་ཇེ་མང་དུ་སོང་ནས་ཡུལ་སྐོར་བ་ཡང་2008ལོའི་མི་ཐེངས་ཁྲི་32ནས་2016ལོའི་མི་ཐེངས་ཁྲི་189.9བར་འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་2008ལོའི་སྒོར་ཁྲི་3913ནས་2016ལོའི་སྒོར་དུང་ཕྱུར་2.47བར་འཕར་ཡོད་པ་རེད།

    “མགྱོགས་པོར་ལྟོས་དང་། མཚོ་ནང་དུ་ཆུ་བྱའང་འདུག”ཅེས་ཀྲང་ཅིང་གིས་སྤྲོ་སྣང་ལྡན་པའི་ངང་རོགས་པར་བཤད་པ་དང་། ཆུ་བྱ་མཐིང་རིལ་དག་རླབས་ཕྲེང་དང་འགྲོགས་ནས་འཕུར་ལྡིང་བྱེད་བཞིན་མཆིས།

    དབང་ཕྱོགས་ཀྱི་གནམ་མཐར་རིམ་གྱིས་སྐྱ་མདའ་བཏང་བ་དང་སྦྲགས་གནམ་དང་ཆུ་འབྲེལ་བ་ལྟ་བུའི་མཚོ་ངོས་སུ་གཞུ་དབྱིབས་ཤིག་མངོན་ནས་ག་ལེར་ཞོགས་པའི་མཚམས་སྤྲིན་དམར་སེར་ནང་ཐིག་སྐུད་འཁྱོག་པོ་མང་པོ་ཞིག་སྣང་། དེ་དང་ཆབས་ཅིག་ཉི་མ་ཤར་བར་སྒུག་མཁན་དག་གིས་དགའ་འབོད་ཀྱང་བསྒྲགས་ཡོང་།

    མ་གཞི་དྲོད་ཚད་ཧྲེ་ཧྲི་ཏུའུ་3ལས་མེད་ཀྱང་མཛེས་ལྗོངས་ལ་ལྟ་མཁན་ཚོ་སྔར་བཞིན་དགའ་སྣང་གིས་ཁེངས་འདུག ཉི་མ་ཤར་བར་ལྟ་མཁན་སྨད་ཤམ་གྱོན་པའི་ཡུལ་སྐོར་བས་མགྲོན་ཁང་ནས་ཀམ་པ་ལི་གཡར་ནས་གཟུགས་པོར་དཀྲིས་འདུག

    ཅང་ཤིས་ནོར་དཔལ་སློབ་ཆེན་རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་ཆེད་ལས་ཀྱི་སློབ་ཐོན་སློབ་མ་ཏོན་ཅ་ཆི་ཡང“ཀམ་པ་ལི་གྱོན་ནས་ཉི་ཤར་ལ”ལྟ་མཁན་གྱི་གྲས་ཤིག་ཡིན། ཁོང་གིས་ཉི་མ་ཤར་བར་ལྟ་འདོད་ཀྱི་སྤྲོ་སྣང་གིས་མཚོ་སྔོན་པོའི་གྲང་ངར་ལ་སྣང་བ་དེ་ཙམ་མ་བྱུང་ཞེས་བརྗོད།

    “ད་རེས་ཉི་མ་ཤར་བར་བལྟ་ཆེད། ང་དང་ཉལ་ཁང་གཅིག་པའི་སློབ་གྲོགས་3མཉམ་དུ་ཡོང་བ་ཡིན། བྱེད་སྟངས་འདི་འདྲར་བརྟེན་ནས་སློབ་ཐོན་ཡུལ་སྐོར་གྱི་འགོ་ཚུགས་པའི་རེ་བ་ཡོད”ཅེས་ཏོན་ཅ་ཆིས་བཤད།

    ཧང་ཀྲོའུ་ནས་ཡོང་བའི་ཡུལ་སྐོར་བ་ཁྲེན་ལགས་ཀྱིས་རང་གི་རླངས་འཁོར་བཏང་ནས་མཚོ་བོད་གཞུང་ལམ་བརྒྱུད་རྩིས་ཡོད་པ་དང་། ཁོང་གིས་མཚོ་འགྲམ་དུ་ལངས་ཏེ“ལྟ་ན་སྡུག་པའི་ཉི་གཞོན་འཆར་བ་དེས་དོན་སྙིང་ལྡན་པའི་ཉིན་མོ་འགོ་ཚུགས་པ་མཚོན། ང་ལོ་ལྟར་འཁོར་ཞག་སྐབས་ཡུལ་སྐོར་དུ་སོང་ནས་བརྗིད་རྔམ་ལྡན་པའི་རི་ཆུར་བལྟས་ཏེ་འཚོ་བ་སྔར་བས་སྐྱིད་སྣང་ལྡན་པ་ཡོང་བ་བྱེད་ཀྱི་ཡོད”ཅེས་བཤད།

    ལབ་གླེང་བྱེད་རིང་། ཞོགས་པའི་ཉི་གཞོན་ག་ལེར་སྤྲིན་རུམ་བརྟོལ་ནས་མཚོ་ངོས་སུ་འཕགས་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།