[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ལྗོངས་ཇོ་མོ་གླང་མའི་བྱང་ངོས་རི་འཛེག་ལམ་ཐིག་ཏུ་གད་སྙིགས་རིགས་དབྱེའི་གཙང་སེལ་ས་ཚིགས་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-13

    ཟླ་5ཚེས་10ཉིན་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་ཇོ་མོ་གླང་མའི་བྱང་ངོས་ཀྱི་སྒར་ས་ཆེ་མོར་སྤེལ་བའི་2017ལོའི་ཇོ་མོ་གླང་མར་གཙང་སྦྲ་བྱེད་པའི་བྱེད་སྒོའི་ཐོག་ངོ་སྤྲོད་བྱས་དོན། ཇོ་མོ་གླང་མའི་བྱང་ངོས་ཀྱི་ས་བབ་སྨི་5200མཚམས་ཀྱི་སྒར་ས་ཆེ་མོ་ནས་ས་བབ་སྨི་6500མཚམས་ཀྱི་སྔོན་སྐྱོད་སྒར་སའི་བར་དུ་གད་སྙིགས་རིགས་དབྱེ་གཙང་སེལ་ས་ཚིགས་ཁ་ཤས་འཛུགས་པ་དང་སྦྲགས། སྔོན་སྐྱོད་སྒར་སར་གད་སྙིགས་གཙང་སེལ་སྒྲིག་ཆས་འཛུགས་རྒྱུ་ཡིན་པ་རེད།

    ཉི་མ་ཚེ་རིང་གིས། 2006ལོར《བོད་རང་སྐྱོང་ལྗོངས་རི་འཛེག་སྲོལ་ཡིག》ཁྲིམས་འཛུགས་གྲོས་མཐུན་བྱུང་བའི་ནང་། ཁོར་ཡུག་སྲུང་སྐྱོང་སྐོར་གྱི་འབྲེལ་ཡོད་བླང་བྱ་ཁ་གསལ་བཟོས་ཡོད། ལོ་བཅུ་གྲངས་རིང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱང་རི་རྩེར་གཙང་སྦྲ་བྱེད་པའི་བྱེད་སྒོར་ཐེངས་མང་ཞུགས་མྱོང་ཡོད་ལ་སྒྲིག་འཛུགས་ཀྱང་བྱེད་མྱོང་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་རི་འཛེག་ལ་དགའ་བའི་སྐྱེ་བོ་ཀུན་གྱི་བསྔགས་པ་ཐོབ་ཡོད་ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཇོ་མོ་གླང་མའི་བྱང་ངོས་སུ་སྤེལ་བའི་གཙང་སྦྲའི་བྱེད་སྒོ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མི་དམངས་སྲིད་གཞུང་དང་མཉམ་དུ་སྒྲིག་འཛུགས་བྱས་པ་ཞིག་ཡིན་པ་དེ་ཇོ་མོ་གླང་མའི་བྱང་ངོས་སུ་སྲིད་གཞུང་དཔོན་ཕྱོགས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་གད་སྙིགས་གཙང་སེལ་བྱེད་པའི་བྱེད་སྒོ་ཐེངས་དང་པོ་ཡིན་པ་དང་། ཀྲུང་ཕྱིའི་རི་འཛེག་རུ་མི་དང་། རི་མཐོའི་མཉམ་ལས་ཚོགས་པ། ས་གནས་ཀྱི་ལས་མི་བཅས་མི་བརྒྱ་ལས་གྲུབ་པའི་དཔུང་ཁག་དེས་ཚེས་6ཉིན་ནས་འགོ་བཙུགས་ཏེ་ཉིན་དགུའི་རིང་ས་བབ་སྨི་5200མཚམས་ཀྱི་སྒར་ས་ཆེ་མོ་ནས་ས་བབ་སྨི་6500མཚམས་ཀྱི་སྔོན་སྐྱོད་སྒར་སའི་བར་གྱི་གད་སྙིགས་གཙང་སེལ་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།