[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་མུ་མཐུད་རྣམ་པ་ཡག་པོ་ཞིག་རྒྱུན་འཁྱོངས་ཐུབ་ཡོད།

  • ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-05

    སྤྱི་ཚེས ༢ ཉིན།  སྤྱི་ལོ ༢༠༡༦ ལོའི་བོད་རང་སྐྱོང་ལྗོངས་ཁོར་ཡུག་གནས་ཚུལ་གྱི་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ནས་སྤྱི་ཚོགས་ལ་སྤྱི་ལོ ༢༠༡༦ ལོའི་ལྗོངས་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད།

    འགྲེམ་བསྒྲགས་ཚོགས་འདུའི་ཐོག  རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཐན་ཧྭ་ཡིས།  སྤྱི་ལོ ༢༠༡༦ ལོར་རང་ལྗོངས་ཀྱིས་རི་ཆུ་སྔོ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་བ་དང་ཆབས་ཅིག་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བས།  ལྗོངས་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་ལེགས་པའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།  དེའི་ནང་ལྗོངས་ཡོངས་ཀྱི་གཙང་པོ་དང་།  མཚོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ཡག་པོ་བྱུང་ནས་རྒྱལ་ཁབ་ཀྱི་ཆུ་ཁོངས་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་ལོན་པ་དང་།  ལྗོངས་ཡོངས་ཀྱི་ས་ཁུལ༼ གྲོང་ཁྱེར ༽ བདུན་གྱི་སྲིད་གཞུང་དང་སྲིད་འཛིན་ཀུང་ཧྲུའུ་གནས་སའི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁག ༢༢ ཀྱི་ཆུའི་སྤུས་ཚད་ཚང་མ་ས་འོག་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་རིགས་གཉིས་པའི་ཚད་གཞི་དང་ཡང་ན་ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་རིགས་གསུམ་པའི་ཚད་གཞི་ལོན་ནས་ཆུའི་སྤུས་ཚད་ཚད་གཞི་ལོན་ཚད་བརྒྱ་ཆ་བརྒྱ་ཟིན་གྱི་ཡོད།

    རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་སྲིད་ཇུས་ཁྲིམས་སྲོལ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ལུའུ་ཧྲི་ཉིང་གིས།  སྤྱི་ལོ ༢༠༡༦ ལོར་རང་ལྗོངས་ཀྱིས་བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཆར་འགོད་འཛུགས་སྐྲུན་ལག་བསྟར་གཏིང་ཟབ་བྱས་ཏེ།  སྔ་ཕྱི་བསྡོམས་མ་དངུལ་སྒོར་དུང་ཕྱུར ༨༤ བཏང་ནས་ས་ཆའི་ཐོན་ཁུངས་གསར་སྤེལ་དང་གལ་ཆེའི་ལས་གཞིའི་རྣམ་གྲངས་ཀྱི་ཁོར་ཡུག་ལ་ལྟ་སྡོམ་ནན་པོ་བྱས་པ་དང་།  གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་གྱི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགྲོ་གྲོན་མཆན་འགོད་སྨྱུག་གཅིག་མའི་ལམ་ལུགས་དང་།  ཁོར་ཡུག་སྲུང་སྐྱོབ་དཔྱད་བསྡུར་འབྲས་བུ་སྤ་སེ་གཅིག་གིས་ཕྲུ་སློག་གཏོང་བའི་ལམ་ལུགས་ལག་བསྟར་བྱས་ནས།  མཐོ་བ་གསུམ་གྱི་ཁེ་ལས་དང་རྣམ་གྲངས་གཅིག་ཀྱང་མཆན་འགོད་དང་ནང་འདྲེན་བྱས་མེད།  ཕྱོགས་ཡོངས་ནས་ཆུ་བོ་གཉིས་དང་གཙང་པོ་བཞི་རྒྱུགས་ཁོངས་ཀྱི་ནགས་བཟོ་སྔོ་ལྗང་ཅན་གྱི་ལས་གཞི་ལག་བསྟར་བྱས་ཏེ་ནགས་བཟོ་མུའུ་ཁྲི་ཚོ ༨༣.༨ བྱས་པ་དང་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང་བདུན་དང་སྐྱེ་ཁམས་ཤང་ ༼གྲོང་རྡལ༽ ༡༢༨  སྐྱེ་ཁམས་གྲོང་ཚོ ༡༢༩༦ བཅས་བསྐྲུན་པ་རེད།

    གསར་འགོད་པས་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱི་གྲོང་ཁྱེར་གྲོང་རྡལ་གཙོ་བོའི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་ཡག་པོ་ཡོད།  ལྷ་ས་གྲོང་ཁྱེར་ཁོར་ཡུག་སྤུས་ཚད་ལེགས་ཚད་ཀྱི་ཉིན་གྲངས ༣༡༣ ཟིན་པ་དང་ས་ཁུལ ༼གྲོང་ཁྱེར༽ ཁག་གི་ཁོར་ཡུག་སྤུས་ཚད་ལེགས་ཚད་ནི་ཁག་སོ་སོར་བསམ་གྲུབ་རྩེ་ཆུས་བརྒྱ་ཆ ༨༤.༥ དང་ཁ་རུབ་ཆུས་བརྒྱ་ཆ ༩༤  བྲག་ཡིབ་ཆུས་བརྒྱ་ཆ ༡༠༠  སྣེ་གདོང་ཆུས་བརྒྱ་ཆ ༩༧.༦  སེང་གེ་ཁ་འབབ་གྲོང་རྡལ་བརྒྱ་ཆ ༩༩.༧ བཅས་ཡིན་ཞིང་མཁའ་རླུང་སྤུས་ཚད་ཀྱི་ལོའི་ཆ་སྙོམས་ཚད་གཞི་སྤྱིར་ན་རྒྱལ་ཁབ་ཁོར་ཡུག་མཁའ་རླུང་སྤུས་ཚད་ཀྱི་རིམ་པ་གཉིས་པའི་ཚད་གཞི་ལོན་ཡོད།།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།